ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པ་ནི་སེམས་ཞིབ་མོས་འཆར་འགོད་བྱས་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་སྐབས་བཅུ་བའི་མའོ་སི་ཁོའི་རྒྱལ་སྤྱིའི་བདེ་འཇགས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པ་ནི་སེམས་ཞིབ་མོས་འཆར་འགོད་བྱས་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་རེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཡང་བསྐྱར་བསམ་བཞིན་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནས་བབ་རྙོག་འཛིང་དུ་བཏང་བ་རེད། ཨ་མེ་རི་ཁས་ཐེ་ཝན་ལ་དམིགས་པའི་ཉེན་ཁའི་བྱ་སྤྱོད་དེ་ནི་འགན་མི་ཁུར་བའི་ཆབ་སྲིད་མགོ་ཁྲིད་ཅིག་གི་གཡོ་བཅར་ཁོ་ན་ཙམ་མ་ཡིན་པར། ཨ་མེ་རི་ཁི་དམིགས་ཡུལ་ཡོད་པ་དང་བསམ་བཞིན་དུ་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་གཏན་འཇགས་གནས་བབ་ལ་གཏོར་བརླག་དང་ཟིང་ཆ་བཟོ་བའི་འཐབ་ཇུས་ཀྱི་ཁག་ཅིག་ཡིན་ལ། རྒྱལ་ཁབ་གཞན་པའི་བདག་དབང་དང་རྒྱལ་ཁབ་རང་གི་རྒྱལ་སྤྱིའི་འོས་འགན་སྣང་མེད་དུ་བསྐྱུར་བ་རེད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ནུབ་ཕྱོགས་སྡེ་ཚོགས་ཀྱིས་བྱང་ཆིངས་རྩ་འཛུགས་དེ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་རྒྱ་བསྐྱེད་པ་དང་ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲུ་ལི་ཡཱ་བཅས་ཕྱོགས་གསུམ་གྱི་བདེ་འཇགས་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལྟ་བུའི་ཐབས་ལ་བརྟེན་ནས་བཙན་འཛུལ་རང་བཞིན་ལྡན་པའི་དམག་དོན་ཆབ་སྲིད་མནའ་འབྲེལ་ཆགས་པར་བྱེད་འདོད་ཡོད་པ་རེད་ཟེར། 

ཁོས་བསྟན་དོན། དེ་ལས་གཞན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱལ་ཁབ་རང་གི་མང་ཚོགས་ཀྱི་ཉམས་སྣང་འཕྲུལ་བར་བྱས་དང་། འཚོ་བའི་ཆུ་ཚད་ཇེ་དམའ་རུ་སོང་བ་དང་། ལས་ཤོར། དབུལ་ཕོངས་སོགས་རང་སྟེང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན་དེ་ཨུ་རུ་སི་དང་ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་མགོར་འཇོག་རྩིས་ཡོད། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། རྩ་བ་ནས་འཛམ་གླིང་གི་སྣེ་མང་རང་བཞིན་ལ་ཤུགས་སྣོན་བྱས་ན་ད་གཟོད་འཛམ་གླིང་ཡོངས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་པ་དང་། དེ་བཞིན་དམག་དོན་ཆབ་སྲིད་ཁྱབ་ཁོངས་ཀྱི་འཇིགས་ཉེན་དང་ཉེན་ཁ་ཁྱད་བསལ་བྱས་ཏེ། རྒྱལ་ཁབ་བར་གྱི་ཡིད་ཆེས་ཆུ་ཚད་མཐོར་འདེགས་དང་རྒྱལ་ཁབ་སོ་སོའི་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱེད་ཐུབ་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།