ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་མགོ་འཛིན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་གྱི་བྲེལ་མྱུར་ཡོངས་བསྒྲགས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧྥ་རན་སི། ཨིར་ལན། ནོར་ཝེ་བཅས་ཀྱི་རེ་བ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་བྲེལ་མྱུར་ཡོངས་བསྒྲགས་གྲོས་ཚོགས་བསྡུས། ཀྲུང་གོ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བརྒྱད་པའི་རེས་སྐོར་ཀྲུའུ་ཞི་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་གཏོང་བའི་ཐད་ངོ་བོ་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་བའི་ཐག་གཅོད་ཇུས་གཞི་སྔ་མོ་ནས་འགོད་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐེངས་འདིའི་བྲེལ་མྱུར་ཡོངས་བསྒྲགས་གྲོས་ཚོགས་བསྡུ་བའི་གྲོས་གཞི་བཏོན་པར་བཀའ་དྲིན་ཞུས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཟླ་བརྒྱད་པའི་ཚེས་བདུན་ཉིན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ་གནས་བབ་དེ་མྱུར་དུ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། ཕྱོགས་སོ་སོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པར་བསྐྱར་བསྒྲགས་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་བའི་ཐག་གཅོད་ཇུས་གཞི་སྔ་མོ་ནས་འགོད་པ་མངོན་འགྱུར་བྱེད་དགོས་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།