ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་འབུམ་གཅིག་གི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་མེ་སྒོར་ཐེར་འབུམ་གཅིག་གི་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཨ་མེ་རི་ཁས་ད་ལྟའི་བར་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་གཞི་རྒྱ་ཆེས་ཆེ་བའི་བདེ་འཇགས་རོགས་སྐྱོར་ཐེངས་ཤིག་རེད། 

རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཐེངས་འདིའི་བདེ་འཇགས་རོགས་སྐྱོར་ལ་དེའི་སྔོན་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱས་པའི་སྒུལ་ནུས་མཐོ་བའི་སྦུག་མང་མེ་ཤུགས་འཕུར་མདའི་གཏོང་འཕེན་མ་ལག་དང་རྒྱལ་ཁབ་ཀྱི་སྔོན་ཐོན་ས་ངོས་ནས་བར་སྣང་ལ་གཏད་པའི་འཕུར་མདའི་མ་ལག་དང་འཚམ་པའི་མདེལ་དང་། ཁ་ཞེང་ལ་ཧའོ་རྨིད་བརྒྱ་དང་ང་ལྔ་ཡོད་པའི་སྒྱོགས་མདེལ་ཁྲི་བདུན་དང་སྟོང་ལྔ། ཁ་ཞེང་ལ་ཧའོ་རྨིད་བརྒྱ་དང་ཉི་ཤུ་ཡོད་པའི་མེ་སྒྱོགས་ཉི་ཤུ་དང་དེར་འཚམ་པའི་སྒྱོགས་མདེལ་ཁྲི་གཉིས། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་མ་ལག་སྟོང་གཅིག ཐན་ཁི་འཁོར་ལོར་རྒོལ་བའི་མེ་ཤུགས་འཕུར་མདའི་གཏོང་ཆས་བརྒྱ་ཕྲག་འགའ། ཁྲབ་ལྡན་སྨན་བཅོས་ཉེན་སྐྱོབ་རླངས་འཁོར་ལྔ་བཅུ་བཅས་འདུས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ན་ནིང་ཟླ་བརྒྱད་པའི་ཚུན་ལ་ཙུང་ཐུང་གི་སྲིད་འཛིན་དབང་ཆ་བཀོལ་ནས་ཐད་ཀར་དུ་རྒྱལ་སྲུང་པུའུ་ཡི་མཛོད་ཁང་ནས་ཝུའུ་ཁི་ལན་ལ་མཚོན་ཆ་སྟེར་ཐེངས་བཅོ་བརྒྱད་པ་ཡིན་ལ། ཐེངས་གཅིག་གི་རོགས་སྐྱོར་གཞི་རྒྱ་ཆེས་ཆེ་བའི་ཐེངས་ཤིག་ཀྱང་རེད། པེད་ཏིན་སྲིད་གཞུང་གིས་སྲིད་བཟུང་བའི་ཚུན་ལ། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་འདོན་སྤྲོད་བྱེད་པར་ཁས་ལེན་བྱས་པའི་བདེ་འཇགས་རོགས་སྐྱོར་གྱི་སྤྱིའི་འབོར་གྲངས་མེ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་བརྒྱད་ལ་བསླེབས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།