ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་གསལ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པར་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་གསལ་བསྒྲགས་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་དང་ནུས་ཁུངས། དངུལ་ལོར་བཅས་ཀྱི་ཉམས་ཉེན་ཐག་གཅོད་ཚན་ཆུང་གི་སྙན་ཞུའི་ཚོགས་འདུའི་སྟེང་གསར་འགོད་པས་ཕའེ་ལོ་ཞི་ཡིས་ཐེ་ཝན་དུ་གཡོ་བཅར་བྱས་པའི་དོན་དག་འདྲི་སྐབས་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོའི་ལངས་ཕྱོགས་ཧ་ཅང་མངོན་གསལ་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད། ང་ཚོའི་འགུལ་སྐྱོད་ཚང་མས་དེ་གཞི་རྩར་བཟུང་ཡོད་ཟེར། 

གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར། མཉམའ་བྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་དྲུག་པ་ནས་མང་ཤོས་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་གྲོས་ཆོད་གཉིས་བདུན་ང་བརྒྱད་ལ་གྲོས་འཆམ་བྱུང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ཡོད་ཚད་སླར་གསོ་བྱེད་རྒྱུ་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཐུས་མི་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་པ་ཁས་ལེན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།