ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུན་ལའེ་ཡི་ནོར་སྲིད་དང་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཧེ་ཨར་ཏེན་གྱིས་ཉེ་སྔོན་བསྟན་དོན། ཝུན་ལའེ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཀྱིས་ཝུན་ལའེ་ཡི་ཟས་རིགས་དང་རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ཁྱབ་ཁོངས་སོ་སོར་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།
ཧེ་ཨར་ཏེན་ཚེས་གསུམ་ཉིན་ཀྲུང་གོ་དང་ཝུན་ལའེ་ཡི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དྲ་ཐོག་གི་གླེང་སྟེགས་ལ་ཞུགས་སྐབས་བསྟན་དོན། ཝུན་ལའེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་འབྲེལ་བ་བཙུགས་པའི་ཚུན་ལ། ཀྲུང་གོས་ཝུན་ལའེ་རུ་དངུལ་གཏོང་བྱས་པ་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབྲེལ་བས་ཝུན་ལའེ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད། ཀྲུང་གོ་ནི་མིག་སྔར་ཝུན་ལའེ་ཡི་ཆེས་ཆེ་བའི་གྲོགས་པོ་དང་དངུལ་གཏོང་མཁན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་མོ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཐོབ་པར་བྱས་ཡོད་ཟེར།
ཁོས་བསྟན་དོན། ཝུན་ལའེ་སྲིད་གཞུང་གིས་དཔལ་འབྱོར་སྣ་མང་ཅན་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་རྡོ་སྣུམ་ཐོན་སྐྱེད་ནས་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་བསྒྱུར་བཞིན་ཡོད་ཟེར། ཝུན་ལའེ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ཀྱི་ཝུན་ལའེ་ཡི་དངོས་སྐྱེལ་དང་རྡོ་སྣུམ། སོལ་རླངས། དངུལ་ཁང་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་ལ་མཐོང་ཆེན་བྱེད་ཅིང་། དངུལ་གཏོང་དེ་དག་གིས་ཝུན་ལའེ་ལ་ལས་ཞུགས་གོ་སྐབས་བསྐྲུན་པར་མ་ཟད། རྒྱལ་ནང་གི་སྤྱིའི་ཐོན་རིན་ལ་སྐུལ་འདེད་བཏང་ཡོད་ལ། ཝུན་ལའེ་ཡི་དཔལ་འབྱོར་སྣ་མང་ཅན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཟེར།
ཁོས་བཤད་རྒྱུར། ཝུན་ལའེ་སྲིད་གཞུང་གིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཏན་འཇགས་དང་རྒྱུན་མཐུད་ཀྱི་དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོས་ཝུན་ལའེ་ཡི་ཟས་རིགས་དང་རྡོ་སྣུམ། སོལ་རླངས། གནས་སྐོར། ཞབས་ཞུ། བརྡ་འཕྲིན་ཐོན་ལས་སོགས་ཁྱབ་ཁོངས་སུ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།
ཐེངས་འདིའི་ཀྲུང་གོ་དང་ཝུན་ལའེ་ཡི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་དྲ་ཐོག་གླེང་སྟེགས་ནི་ཝུན་ལའེ་ཡི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་དངུལ་ཁང་གི་ཞང་ཀང་ཝུན་ལའེ་ཡན་ལག་དངུལ་ཁང་གིས་སྒྲུབ་འགན་ཁུར་ཡོད་ལ། མི་བརྒྱ་དང་ལྔ་བཅུ་ལྷག་ཞུགས་ཡོད། །