ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟི་ཆེན་མོར་དཔྱ་ཁྲལ་བསྡུ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མིག་སྔའི་ནུས་ཁུངས་ཉམས་ཉེན་ཁྲོད་ཁེ་སྤོགས་ཆེན་པོ་ཐོབ་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟི་ཆེན་མོར་དཔྱ་ཁྲལ་བསྡུ་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་དང་ནུས་ཁུངས། དངུལ་ལོར་བཅས་ཀྱི་ཉམས་ཉེན་ཐག་གཅོད་ཚན་ཆུང་གི་སྙན་ཞུ་ཐེངས་གསུམ་པ་སྤེལ་བའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀུང་ཟིར་མིག་སྔའི་ནུས་ཁུངས་ཉམས་ཉེན་ཁྲོད་ཟིན་ཐོ་བརྒལ་བའི་ཁེ་སྤོགས་ཐོབ་བཞིན་ཡོད་ཅིང་། ཆེས་དབུལ་ཕོངས་ཀྱི་མི་ཚོགས་དང་སྡོད་ཁུལ། དེ་མིན་རང་བྱུང་ཁོར་ཡུག་བཅས་ཀྱིས་རིན་དོད་ཆེན་པོ་བཏང་ཡོད་ལ། དེ་ནི་ཀུན་སྤྱོད་དང་མི་ལྡན་པ་ཞིག་རེད་ཟེར། ཁོས་བཤད་རྒྱུར། འཛམ་གླིང་སྟེང་ཆེས་ཆེ་བའི་ནུས་ཁུངས་ཀུང་ཟིའི་ཉིས་སྟོང་ཉེར་གཉིས་ལོའི་དུས་ཚིགས་དང་པོའི་ཁེ་སྤོགས་དེ་མེ་སྒོར་ཁྲག་ཁྲིག་གཅིག་ཙམ་ལ་བསླེབས་ཡོད། རྒྱལ་ཁབ་སོ་སོས་ཁེ་སྤོགས་ཆེན་པོ་ཐོབ་པའི་ནུས་ཁུངས་ཀུང་ཟི་ལ་དཔྱ་ཁྲལ་བསྡུ་དགོས་པ་དང་། ཁྲལ་དངུལ་དེ་ཆེས་ཉམས་ཞན་གྱི་མི་ཚོགས་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་པའི་ཐད་བཀོལ་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་རྒྱལ་ཁབ་སོ་སོ་དང་། ཁྱད་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ནུས་ཁུངས་གྲོན་ཆུང་དང་སྤྱི་བའི་འགྲིམ་འགྲུལ་གཙོར་འཛིན། རང་བྱུང་རྨང་གཞིར་བཟུང་བའི་ནུས་ཁུངས་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་བ་སོགས་དོ་དམ་ནུས་ཁུངས་ཀྱི་དགོས་མཁོ་ལ་བརྟེན་ནས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་སྤོ་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་རྗེས། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་དང་ནུས་ཁུངས། དངུལ་ལོར་བཅས་ཀྱི་ཉམས་ཉེན་ཐག་གཅོད་ཚན་ཆུང་བཙུགས་ཏེ། གནས་བབ་ལ་བརྡར་གཅོད་དང་ཐབས་ཇུས་འཚོལ་ཞིབ་བྱས། ཉམས་ཉེན་ཐག་གཅོད་ཚན་ཆུང་དེའི་སྙན་ཞུ་ཐེངས་གསུམ་པ་ལས་གཙོ་བོ་ནུས་ཁུངས་ཉམས་ཉེན་དམིགས་སུ་བཟུང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།