ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་གྱིས་འཛིན་བཟུང་བྱས་པའི་དམག་མིའི་བཀག་འཇུག་ཁང་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་དོན་དངོས་རྟོག་ཞིབ་ཚན་ཆུང་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་ཏོན་ནེ་ཚི་ཁི་ས་ཁུལ་གྱི་ཝུའུ་ཁི་ལན་གྱིས་འཛིན་བཟུང་བྱས་པའི་དམག་མིའི་བཀག་འཇུག་ཁང་ཞིག་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་དངོས་རྟོག་ཞིབ་ཚན་ཆུང་ཞིག་འཛུགས་རྒྱུ་ཐག་བཅད། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོར་སོ་སོར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་བཏང་བའི་དོན་དེར་རྟོག་ཞིབ་བྱེད་པའི་འབྲེལ་ཡོད་རེ་ཞུ་འབྱོར་ཡོད་པ་དང་། དོན་དངོས་རྟོག་ཞིབ་ཚན་ཆུང་ཞིག་བཙུགས་ནས་རྩད་གཅོད་གསལ་བོ་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དངོས་རྟོག་ཞིབ་ཚན་ཆུང་གི་དབང་ཚད་ལ་བསམ་བློ་གཏོང་བཞིན་ཡོད་ཅིང་། ཨུ་རུ་སི་དང་ཝུའུ་ཁི་ལན་སྲིད་གཞུང་ལ་སྙན་ཞུ་བྱས་ཏེ། དོན་དངོས་རྟོག་ཞིབ་ཚན་ཆུང་ལ་གྲོས་མཐུན་འགོད་པའི་དབང་ཆ་ཐོབ་པར་རེ་བཞིན་ཡོད། དེའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དངོས་རྟོག་ཞིབ་ཚན་ཆུང་གི་མི་སྣ་བསྡུ་བཞིན་ཡོད་པ་དང་། དོན་དངོས་རྟོག་ཞིབ་ཚན་ཆུང་གི་མ་འོངས་པའི་བྱ་བའི་ཐད་ནས་འབྲེལ་ཡོད་ཕྱོགས་བར་མཐུན་སྦྱོར་བྱེད་བཞིན་ཡོད། ཁོས་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་དོན་དངོས་རྟོག་ཞིབ་ཚན་ཆུང་གི་བྱ་བར་སྟབས་བདེ་བཟོས་ནས། དོན་དངོས་རྟོག་ཞིབ་ཚན་ཆུང་ཡུལ་དངོས་སུ་སོང་ནས་དོན་དངོས་མཚོན་ཐུབ་པའི་གཞི་གྲངས་འདང་ཚིམས་པ་ཐོབ་པར་བྱེད་དགོས་པའི་རེ་བ་བཏོན། 

བསྒྲགས་པ་ལྟར་ན། ཏོན་ནེ་ཚི་ཁི་ས་ཁུལ་གྱི་ཨོ་ལེ་ནེ་ཧྥུའུ་ཁཱའི་ཝུའུ་ཁི་ལན་གྱིས་འཛིན་བཟུང་བྱས་པའི་དམག་མིའི་བཀག་འཇུག་ཁང་ཞིག་ལ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ཝུའུ་ཁི་ལན་གྱི་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཕ་རོལ་བས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པར་ཕན་ཚུན་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།