ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཡང་བསྐྱར་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཀི་ལོན་ཏི་པེ་ལི་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སྔོན་ཆད་ཀྱི་གྲོས་མཐུན་ནང་དོན་ལྟར་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ད་ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན་བར་ཡང་བསྐྱར་ཟླ་ངོ་གཉིས་ཀྱིས་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་བ་ཁྱབ་བསྒྲགས་བྱས། 

ཀི་ལོན་ཏི་པེ་ལི་ཡིས་བཤད་རྒྱུར། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ད་རུང་གྲོས་མོལ་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས་པ་དང་། དམིགས་ཡུལ་ནི་རིམ་པ་འཕར་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མྱུར་དུ་འགོད་པའི་ཆེད་རེད་ཟེར། ཁོས་བཤད་རྒྱུར། རིམ་པ་འཕར་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་གཞུང་ཞབས་པའི་ཟླ་ཕོགས་དང་སྤྱི་དམངས་ཀྱི་རྒན་གསོའི་མ་དངུལ་སྟེར་བའི་སྒྲིག་ལུགས། ཧི་ཐེ་ཏཱ་གྲུ་ཁའི་འབར་རྫས་མཁོ་འདོན་དང་འཁོར་རྒྱུག་ལ་ཁག་ཐེག་བྱེད་པ་སོགས་ལ་འབྲེལ་ཡོད། རིམ་པ་འཕར་བའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་ཡོངས་ཁྱབ་ཁོངས་སུ་འཁྲུག་རྩོད་མཚམས་འཇོག་པ་དང་མི་ཆོས་དང་དཔལ་འབྱོར་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཡེ་མིན་གཙོ་བྱས་པའི་ཆབ་སྲིད་འཕེལ་རིམ་སླར་གསོ་བྱེད་ཆེད་གྲ་སྒྲིག་བྱེད་པ་རེད། 

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་བླངས་པ་དང་། དེའི་རྗེས་སུ་ཡང་བསྐྱར་ཡེ་མིན་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་བཟུང་དམག་བརྗེ་སྤོར་བྱེད་པ་སོགས་ཀྱི་ཐད་ནས་གྲོས་འཆམ་བྱུང་ཡང་། ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བཏང་བའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱས། 

མིག་སྔའི་ཡེ་མིན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ད་ལོའི་ཟླ་བཞི་བའི་ཚེས་གཉིས་ཉིན་ནུས་ལྡན་དུ་གྱུར་བ་དང་། དུས་ཡུན་ཟླ་ངོ་གཉིས་རེད། དུས་ཡུན་ལོངས་རྗེས་ཡང་བསྐྱར་ཟླ་ངོ་གཉིས་ཀྱིས་ཇེ་རིང་དུ་བཏང་བ་ཡིན་ལ། ཐེངས་འདི་ནི་ཡུན་ཚད་ཇེ་རིང་དུ་གཏོང་ཐེངས་གཉིས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།