ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ང་ལྔ་པའི་སྟེང་དཔལ་འབྱོར་སླར་གསོ་དང་ས་ཁུལ་གྱི་བདེ་འཇགས་གཙོ་གནད་དུ་བཟུང་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ང་ལྔ་པ་ཚེས་གསུམ་ཉིན་ཁམ་ཕུ་ཀྲེའི་རྒྱལ་ས་ཅིན་པེན་ནས་ཚོགས་མགོ་བརྩམས། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་ཞེས་པ་དེ་རེད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་ཚོས་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། དེ་མིན་གྲོས་གཞི་གཙོ་བོ་གཞན་པར་གྲོས་བསྡུར་བྱས། 

ཁམ་ཕུ་ཀྲེ་ནི་ཉིས་སྟོང་ཉེར་གཉིས་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། པྲོག་གསར་གློ་ཚད་རིམས་ནད་རྗེས་ཀྱི་སླར་གསོ་དང་། ས་ཁུལ་གྱི་བདེ་འཇགས་གནད་དོན། ནམ་ཟླའི་འགྱུར་ལྡོག་བཅས་ནི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཡིན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ནུས་པ་ཆེན་པོས་མཐུན་སྒྲིལ་ལ་འགན་སྲུང་བྱས་ནས་རང་གི་དཀྱིལ་སྙིང་གོ་གནས་ལ་བརྩི་འཇོག་ཐོབ་པར་བྱེད་དགོས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། ཆེས་ནུས་པ་དང་ལྡན་པའི་བྱེད་ཐབས་ཀྱིས་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར། 

ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པུའུ་ལཱ་སོ་ཁོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་བསྟན་དོན། ཐེངས་འདིར་དངོས་སུ་ངོ་འཕྲད་པའི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ལས་རིམས་ནད་ཁྱད་བསལ་དང་རིམས་ནད་ཁྲོད་ནས་སླར་གསོ་འབྱུང་བར་མཉམ་དུ་འབད་བརྩོན་བྱས་པར་ལེགས་འགྲུབ་བྱུང་བ་མཚོན་ཡོད་ཟེར། གྲོས་ཚོགས་སྐབས་སུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་དང་དེ་མིན་གྲོས་མོལ་གྲོགས་པོ་དག་གིས་གནད་འགག་གི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་མང་བོར་གྲོས་བསྡུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།