ཀྲུང་གོ་བོད་ཀྱི་དྲ་བ།

ཆར་བ་དྲག་པོ་བབས་པ་ལས་ཕཱ་ཁི་སི་ཐན་ནས་མི་ལྔ་བརྒྱ་དང་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་གྱི་ཚུན་ལ། དྲག་ཆར་བབས་པའི་དབང་གིས་རྒྱལ་ཁབ་དེར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བརྒྱ་དང་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་དང་གོ་གསུམ་ལ་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་གཉིས་ཉིན་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལྟར་ན། ཉིན་དེའི་བར་དྲག་ཆར་བབས་པ་ལས་ཕཱ་ཁི་སི་ཐན་གྱི་མི་སྟོང་ཕྲག་འགར་འགྲོ་སའི་ཁྱིམ་མེད་པར་གྱུར་བ་དང་། ཁང་བ་ཁྲི་གསུམ་དང་སྟོང་དགུ་སུམ་བརྒྱ་ཞེ་གསུམ་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད་ལ། སྒོ་ཕྱུགས་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱ་ལྷག་ལ་གྱོང་གུད་ཐེབས། ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་དྲག་ཆར་ལས་ཆུ་ལོག་བྱུང་སྟེ་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེན་ཡིན་ལ། བསྡོམས་པས་མི་བརྒྱ་དང་ཞེ་དགུ་རྐྱེན་ལམ་དུ་ཤོར། 

སྙན་ཞུ་ལས་ད་རུང་བཤད་རྒྱུར། དྲག་ཆར་ལས་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་དུ་མི་བརྒྱ་དང་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་དུ་མི་བརྒྱ་དང་བཅུ་གཅིག་རྐྱེན་ལམ་དུ་ཤོར། ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་མི་གོ་བདུན་རྐྱེན་ལམ་དུ་ཤོར། ཕཱ་ཁི་སི་ཐན་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར། དེ་མིན་ས་ཁུལ་གཞན་པར་མི་དགུ་རྐྱེན་ལམ་དུ་ཤོར། མིག་སྔར་ཕཱ་ཁི་སི་ཐན་སྲིད་གཞུང་གིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཅིང་། ཁ་ཟས་དང་གཡོ་སྐོལ་ཡོ་བྱད། རས་གུར། ལྟེབས་ཆོག་པའི་མལ་ཁྲི། འབུ་འགོག་སེང་རས་སོགས་གནོད་ཐེབས་མང་ཚོགས་ལ་སྟེར་རྒྱུ་རེད། 

དུས་རླུང་གི་ཤུགས་རྐྱེན་ལས་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར་ནི་ཕཱ་ཁི་སི་ཐན་གྱི་ཆར་ཆུ་མོད་པའི་དུས་ཚིགས་ཡིན་པ་དང་། ཆར་འབབ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་སྲིད་ལ། རི་ཉིལ་བ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་དུས་ངེས་མེད་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།