དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་བཀག་སྡོམ་བྱེད་པར་དགའ་མོས་བྱེད་པ་ནི་ཨ་མེ་རི་ཁའི་བཙན་དབང་མ་ལག་གི་མཚོན་རྟགས་ཤིག་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ད་ལྟ་དང་སྔོན་ཆད་ཀྱི་ཨ་མེ་རི་ཁའི་སྲིད་གཞུང་གང་ཡིན་ཡང་བཀག་སྡོམ་བྱེད་ཐབས་དེ་ཡོ་བྱད་དུ་བྱེད་པར་དགའ་མོས་ཡོད་ལ། དེ་ནི་ཨ་མེ་རི་ཁའི་བཙན་དབང་མ་ལག་གི་མཚོན་རྟགས་ཤིག་རེད་ཟེར། 

དབྱི་ལིང་གི་ཕྱི་འབྲེལ་པུའུ་བསྒྲགས་པ་ལྟར་ན། ཁཱ་ནཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་གོང་གི་བསམ་ཚུལ་དེ་བསྟན་ནས། ཨ་མེ་རི་ཁས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དབྱི་ལིང་གི་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་ཀྱི་ཉོ་ཚོང་ལ་འབྲེལ་བའི་ཚོགས་ཁག་སྐོར་ཞིག་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་རྒོལ་ལན་སྤྲད། ཁོས་བཤད་རྒྱུར། ད་ལྟའི་ཨ་མེ་རི་ཁའི་སྲིད་གཞུང་གིས་སྔོན་ཆད་ཀྱི་སྲིད་གཞུང་གིས་དབྱི་ལིང་ལ་སྤྱོད་པའི་ཕམ་ཉེས་བྱུང་ཞིང་ནུས་མེད་ཀྱི་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཡོད། ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ལག་བསྟར་སླར་གསོའི་གྲོས་མོལ་ཡང་བསྐྱར་མགོ་རྩོམ་པར་འབད་འབུངས་བྱེད་པའི་སྐབས་སུ། ཨ་མེ་རི་ཁའི་སྲིད་གཞུང་གིས་སྔར་བཞིན་ངལ་བ་འབྲས་མེད་ཀྱི་གཏོར་བརླག་རང་བཞིན་ལྡན་པའི་བྱེད་ཐབས་དེ་བེད་སྤྱོད་བྱེད་མཚམས་བཞག་མེད་ཟེར། 

ཁཱ་ནཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་ཨ་མེ་རི་ཁས་བཀག་སྡོམ་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱས་པར་མྱུར་མོར་རྒོལ་ལན་ཚ་ཐག་ཆོད་པ་སྤེལ་ངེས་ཡིན་པ་དང་། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་བཀག་སྡོམ་བྱེད་ཐབས་དེ་རིགས་ཀྱིས་དབྱི་ལིང་གི་ཉོ་ཚོང་དང་དཔལ་འབྱོར་ཐད་བཟོས་པའི་ཤུགས་རྐྱེན་ངན་པ་ཟློག་ཐབས་བྱེད་རྒྱུ་ཡིན་ཟེར། 

ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་མི་དམངས་ལ་ཆུ་ལོག་གི་གནོད་འཚེ་དབང་གིས་མི་སྣའི་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་ཐེབས་བཞིན་པའི་སྐབས་སུ་བཀག་སྡོམ་བྱེད་ཐབས་ཁ་སྣོན་བྱས་པ་དེ་ལས་ཨ་མེ་རི་ཁའི་རང་མདངས་རྫུན་མ་དེ་གསལ་རྗེན་དུ་མངོན་པར་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།