མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་བྱིས་པའི་ཨེ་ཙི་ནད་མེད་པར་གཏོང་བའི་འཛམ་གླིང་ཡོངས་ཀྱི་མནའ་འབྲེལ་བཙུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨེ་ཙི་ནད་འགོག་བཅོས་བྱེད་པའི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། 

ཟླ་བརྒྱད་པའི་ཚེས་གཅིག་ཉིན་མིན་ཐི་ལེ་ཨར་ནས་སྤེལ་བའི་སྐབས་ཉེར་བཞི་བའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཚོགས་ཆེན་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱིས་བྱིས་པའི་ཨེ་ཙི་ནད་མེད་པར་གཏོང་བའི་འཛམ་གླིང་ཡོངས་ཀྱི་མནའ་འབྲེལ་བཙུགས་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་བྱིས་པར་གསོ་བཅོས་མི་བྱེད་པའི་སྣང་མེད་པར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པ་དང་། གསར་སྐྱེས་བྱིས་པར་ཨེ་ཙི་ནད་དུག་འགོ་བར་སྔོན་འགོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལས་གཞན། མནའ་འབྲེལ་དེར་ད་རུང་དམངས་ཁྲོད་རྩ་འཛུགས་དང་ཨེ་ཙི་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་རྒྱལ་ཁབ་རེ་འགའི་སྲིད་གཞུང་། དེ་མིན་རྒྱལ་སྤྱིའི་མཉམ་ལས་གྲོགས་པོ་བཅས་འདུས། ཨན་ཀི་ལཱ་དང་ཁཱ་མེ་ལུང་། ཁོ་ཐི་ཏིས་ཝོར། ཁོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཁུན་ནེ་ཡཱ། མའོ་སིང་པུས་ཁི། ནེ་ཀྲི་རི་ཡཱ། ཨ་ཧྥེ་རི་ཁ་ལྷོ་མ། ཝུ་ཀན་ཏཱ། ཐན་ཙན་ནི་ཡཱ། ཙམ་པུ་ཡཱ། ཙེམ་པབ་ཝེ་བཅས་དུས་རིམ་དང་པོའི་ནང་མནའ་འབྲེལ་དེར་ཞུགས་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་པུས་ཡཱ་ནེ་མཱ་ཡིས་བཤད་རྒྱུར། ཨེ་ཙི་ནད་དུག་འགོས་པའི་བྱིས་པ་དང་དར་མའི་གསོ་བཅོས་ཀྱི་ཁེབས་ཚད་བར་ཁྱད་ཆེ་བ་ཧ་ལས་པ་ཞིག་རེད། མནའ་འབྲེལ་དེ་བརྒྱུད་ནས་ང་ཚོས་དོན་དངོས་འགུལ་སྐྱོད་སྤེལ་དགོས། གསར་བྱུང་སྨན་རྫས་དང་ཆབ་སྲིད་དམ་བཅའ་གསར་བ། སྡོད་ཁུལ་གྱི་བརྟན་བརླིང་འགུལ་སྐྱོད་བཅས་གཅིག་བསྡུས་བྱས་ན། ང་ཚོ་བྱིས་པའི་ཨེ་ཙི་ནད་མེད་པར་གཏོང་བའི་རབས་གསར་བར་འགྱུར་ཐུབ་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ཁའེ་སི་ལིན་ལཱ་སེ་ཨར་གྱིས་བཤད་རྒྱུར། ཐད་ཀར་དུ་འགོ་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། བརྟག་བཤེར་དང་གསོ་བཅོས་ཇེ་མང་དུ་གཏོང་བ། དེ་མིན་བརྡ་འཕྲིན་རྒྱ་བསྐྱེད་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། འཛམ་གླིང་གི་ས་ཁུལ་སོ་སོའི་བྱིས་པར་ཨེ་ཙི་ནད་ཀྱི་སྔོན་འགོག་དང་བདག་སྐྱོང་། གསོ་བཅོས་བཅས་ཀྱི་ཞབས་ཞུ་ཐོབ་ཚད་དེ་དར་མ་ལས་ཧ་ཅང་དམའ་བར་མངོན། མནའ་འབྲེལ་བཙུགས་པ་ནི་མདུན་སྐྱོད་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཙི་ནད་འཆར་འགོད་ཁང་གིས་སྤེལ་བའི་ཉིས་སྟོང་ཉེར་གཉིས་ལོའི་སྙན་ཞུ་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་ཨེ་ཙི་ནད་དུག་འགོས་པའི་བྱིས་པ་བརྒྱ་ཆའི་ང་གཉིས་ཙམ་ལ་མ་གཏོགས་སྨན་རྫས་ཀྱི་གསོ་བཅོས་ཐོབ་མེད་པ་དང་། ནད་པ་དར་མའི་ཁྲོད་བརྒྱ་ཆའི་དོན་དྲུག་ལ་སྨན་རྫས་ཀྱི་གསོ་བཅོས་ཐོབ་ཡོད་ལ། བསྡུར་ཚད་དེར་བར་ཁྱད་ཆེན་པོ་ཡོད་པ་རེད། 

ཚོགས་ཡུན་ཉིན་ལྔ་ཡིན་པའི་སྐབས་ཉེར་བཞི་བའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཚོགས་ཆེན་དེ་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ཁཱ་ནཱ་ཏཱའི་མིན་ཐི་ལེ་ཨར་ནས་སྤེལ་མགོ་བརྩམས། ཚོགས་ཆེན་དེ་ནི་མིག་སྔར་འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་ཨེ་ཙི་ནད་དང་འབྲེལ་བའི་གྲོས་ཚོགས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཨེ་ཙི་ནད་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བཞིན་ཡོད། སྐབས་འདིའི་ཚོགས་ཆེན་ནི་ཡུལ་དངོས་དང་དྲ་ཐོག་ཟུང་འབྲེལ་གྱི་རྣམ་པས་སྤེལ་བ་དང་། བརྗོད་སྙིང་ནི་ཡང་བསྐྱར་ཟབ་ཞུགས་དང་ཚན་རིག་བརྩི་སྲུང་ཞེས་པ་དེ་རེད། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་ཆེད་མཁས་པ་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་སྟོང་དགུ་དང་ལྔ་བརྒྱ་ལྷག་ཡུལ་དངོས་ཚོགས་ཆེན་ལ་ཞུགས་པ་དང་། འཐུས་མི་སྟོང་གཉིས་ཙམ་གྱིས་དྲ་ཐོག་གི་གྲོས་ཚོགས་ལ་ཐོ་འགོད་བྱས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།