ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབུར་ཐོན་བྱས་རྗེས་བཞག་པར་གདེང་འཇོག་ཆེན་པོ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྐབས་སུ། ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་གོ་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། བྱ་འགུལ་ལ་ཞུགས་པའི་ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབུར་ཐོན་བྱས་རྗེས་བཞག་པར་གདེང་འཇོག་ཆེན་པོ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་བརྗེ་རེས་དང་མཉམ་ལས་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ལའོ་ཝའོ་ཡི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཀྲན་ཧྲ་མིན་གྱིས་ལའོ་ཝའོ་དང་ཀྲུང་གོའི་དམག་དཔུང་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་དམག་དཔུང་དང་མཉམ་དུ་ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་བདེ་འཇགས་འགོག་ཐིག་བརྟན་པོར་འཛུགས་འདོད་ཡོད་ཟེར། 

ལའོ་ཝའོ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྥུན་ཁན་གྱིས་བསྟན་དོན། ལའོ་ཝའོ་ཏང་སྲིད་དམག་དམངས་ཀྱིས་ནམ་རྒྱུན་ཀྲུང་གོས་ལའོ་ཝའོ་ལ་སྒེར་སེམས་མེད་པར་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་མཐོང་ཆེན་དང་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་སྲུང་པུའུ་ཀྲང་ཡཱ་པའོ་ལཱ་ཧན་གྱིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ལས་དོན་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་གཟེངས་བསྟོད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་རེ་བཞིན་ཡོད་ཟེར། ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་པེ་ཧཱ་ནོའུ་ཡིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡཱ་དང་ཀྲུང་གོས་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ནས་ཡིད་ཆེས་ཇེ་དྲག་ཏུ་སོང་བ་དང་། འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སོང་ཡོད། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྲིད་པར་ཡིད་ཆེས་ཡོད་ཟེར། 

ཐན་ཙན་ནི་ཡཱའི་རྒྱལ་སྲུང་དང་རྒྱལ་དམངས་ཞབས་ཞུ་པུའུ་ཡི་པུའུ་ཀྲང་ཐཱ་ཁི་སི་ཡིས་བསྟན་དོན། ཐན་ཙན་ནི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་བར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་དང་དམག་དཔུང་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧྲིན་ཧྥན་ཁྲུ་ཡིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་བྱུང་ཡོད་ལ། མ་འོངས་པའི་ལོ་ངོ་སུམ་ཅུའི་ནང་ཧན་གོ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་སྲིད་པར་ཡིད་ཆེས་ཡོད། ཧན་གོའི་ཕྱོགས་ཀྱིས་ཀྲུང་གོའི་བར་བརྗེ་རེས་དང་མཉམ་ལས་བྱས་ཏེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་འདོད་ཡོད་ཟེར། 

ཨེ་ཅིབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་ལས་རོགས་པ་ཧཱ་ལི་ཏི་མུའུ་ཅཱ་ཝེ་ཨར་གྱིས་ཨེ་ཅིབ་ཀྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི། རྒྱལ་སྲུང་དང་དམག་དོན་ཐོན་སྐྱེད་པུའུ་ཀྲང་མུའུ་ཧན་མའོ་ཏི་ཀྲ་ཅི་ཡིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་གོ་ལྔ་འགོར་བར་སྤྲོ་སེམས་འཁོལ་བའི་དགའ་སྟོན་རྟེན་འབྲེལ་ཞུས་པ་བརྒྱུད་སྒྲོག་བྱས་པ་དང་། དམག་དཔུང་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། དམག་དཔུང་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་རེ་བ་བཏོན་པ་དང་། དམག་དཔུང་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་ཐུབ་པའི་སྨོན་འདུན་ཞུས། 

ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གི་ཇུས་འདོན་དཔོན་པོ་གཞོན་པ་ནཱ་ཞི་ཧྥུའུ་ཡིས་ལེ་པཱ་ནུན་གྱི་དྲག་ཆས་དམག་དཔུང་གི་དམག་སྤྱི་ཨོ་ཨིན་གྱི་ཚབ་བྱས་ཏེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ལེ་པཱ་ནུན་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པ་དང་། དམག་དཔུང་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བར་རེ་བཞིན་ཡོད་པའི་ཚུལ་བསྟན། 

ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་འགུལ་སྐྱོད་ནང་ཞུགས་པའི་དངོས་བྲིས་གློག་བརྙན་ཞི་བདེའི་ཆེད་དུ་རྒྱང་སྐྱོད་བྱེད་ཅེས་པ་བཏང་བ་དང་། ཀྲུང་གོའི་དམག་དཔུང་གི་ལོ་ངོ་བཅུ་ཞེས་པའི་པར་རིས་འགྲེམ་སྟོན་བྱ་འགུལ་སྤེལ། ཕྱི་རྒྱལ་གྱི་མི་སྣ་དག་གིས་ལང་ལོང་སྒོས་ཀྲུང་གོའི་དམག་དཔུང་གིས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབུར་ཐོན་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།