ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོའི་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཤད་རྒྱུར། དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་བཏོན་པའི་འཆར་ཟིན་གསར་བར་དཔྱད་འཇོག་བྱས་བཞིན་ཡོད་པ་དང་། དེའི་རྗེས་སུ་སྤེལ་བའི་གྲོས་མོལ་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་དབྱི་ལིང་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་ལིང་གིས་འདས་པའི་ཟླ་ངོ་བཞིའི་ནང་ཡོ་རོབ་གླིང་མནའ་འབྲེལ་བརྒྱུད་དེ་ཨ་མེ་རི་ཁའི་བར་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བའི་གནད་དོན་གྱི་གནས་ཚུལ་བརྗེ་རེས་བྱས་ཡོད་ཟེར། པའོ་ལོས་ལེ་ཡིས་ཉེ་སྔོན་ཕྱོགས་སོ་སོའི་ལངས་ཕྱོགས་འདུས་པའི་འཆར་ཟིན་ཞིག་གྲ་སྒྲིག་བྱས་ཡོད་པ་དང་། དབྱི་ལིང་སོགས་འབྲེལ་ཡོད་ཕྱོགས་ཀྱིས་འཆར་ཟིན་དེར་དཔྱད་འཇོག་བྱེད་བཞིན་ཡོད། དབྱི་ལིང་གིས་དཔྱད་འཇོག་ཡོངས་འགྲུབ་བྱས་རྗེས་དེའི་རྗེས་སུ་སྤེལ་བའི་གྲོས་མོལ་ལ་ཞུགས་རྩིས་ཡོད་པ་ཁྱབ་བསྒྲགས་བྱས། དབྱི་ལིང་གི་གྲོས་མོལ་གྱི་སྒྲོམ་གཞིའི་ནང་། གྲོས་མོལ་གྱི་མ་མཐའི་ཚད་ཐིག་དང་དམིགས་འབེན་སོགས་ཧ་ཅང་གསལ་བོ་ཡིན་པ་རེད། 

ཁོས་བཤད་རྒྱུར། དབྱི་ལིང་གིས་ཡུན་རིང་གི་གྲོས་མཐུན་ནུས་ལྡན་ཞིག་འགོད་འདོད་པ་ངོ་མ་ཡིན། གལ་ཏེ་ཨ་མེ་རི་ཁས་མ་འོངས་པར་སྤེལ་སྲིད་པའི་གྲོས་མོལ་ཁྲོད་དངོས་ཡོད་དང་བབ་བསྟུན་གྱི་འགུལ་སྐྱོད་སྤེལ་ན། གྲོས་མོལ་ནས་གྲོས་མཐུན་འགོད་པ་ཁོ་ཐག་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།