ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དང་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ས་ཁུལ་དུ་འཁྲུག་རྩོད་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་མཐའ་སྲུང་ཉེན་རྟོག་དམག་དཔུང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དབྱི་ལིང་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་འཁྲུག་རྩོད་བྱས། 

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་བྱུང་ས་དེ་དབྱི་ལིང་གི་ཧི་ཨར་མན་ཏིའི་མཐའ་མཚམས་ས་ཁུལ་དུ་གནས་པ་དང་། འཁྲུག་རྩོད་བྱུང་བའི་རྒྱུ་རྐྱེན་ནི་ཐཱ་ལེ་པན་གྱི་དྲག་ཆས་པས་ཉེ་འདབས་ཀྱི་དབྱི་ལིང་ལ་གཏོགས་པའི་ས་ཁོངས་ནས་ཐཱ་ལེ་པན་གྱི་དར་ཆ་སྒྲེངས་རྩིས་བྱས་པས་ཡིན་པ་འདྲ་ཟེར། 

གཞན་ཡང་དབྱི་ལིང་གི་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་མུས་ཨར་ཨེ་ཧཱ་མེད་ཏིས་ཀྱིས་འཁྲུག་རྩོད་དོན་རྐྱེན་གླེང་སྐབས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཡང་བསྐྱར་དབྱི་ལིང་གི་མངའ་ཁོངས་ནས་ས་ཁམས་རྒྱལ་མཚམས་ལ་བརྩི་འཇོག་མི་བྱེ་པའི་དཀྲུག་འཕེན་བྱ་སྤྱོད་སྤེལ་བ་དང་། དབྱི་ལིང་གི་མཐའ་སྲུང་དམག་དཔུང་ལ་མེ་མདས་བརྒྱབ་པས་དབྱི་ལིང་གི་མཐའ་སྲུང་དམག་དཔུང་གིས་རྒོལ་ལན་སློག་པ་ཡིན་ལ། གཞི་རྒྱ་ཆུང་བའི་འཁྲུག་རྩོད་དེ་ཧ་ལམ་དུས་ཚོད་གཅིག་ཙམ་འགོར་བ་རེད་ཟེར། ཁོས་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱིས་ཐེངས་མང་བོར་ཨ་ཧྥུའུ་ཧན་ཕྱོགས་ལ་མཐའ་སྲུང་དམག་དཔུང་གིས་ས་ཁམས་དང་རྒྱལ་མཚམས་ཀྱི་ཚད་བཀག་ལ་མཉམ་འཇོག་བྱས་ཏེ་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་ས་གནས་མཐའ་མཚམས་བཀོད་འདོམ་དཔོན་པོས་བཤད་རྒྱུར། དོན་རྐྱེན་དེ་ནི་དབྱི་ལིང་ཕྱོགས་ཀྱིས་བསླངས་པ་ཡིན་ཞིང་། འཁྲུག་རྩོད་དེ་ལས་ཐཱ་ལེ་པན་གྱི་དྲག་ཆས་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད་ཟེར། 

མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ད་རུང་རྣམ་འགྱུར་ཅི་ཡང་བསྟན་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།