ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ལས་ཁུངས་དེས་ཉིན་དེར་གྲོས་ཚོགས་བསྡུས་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་གཞིར་བཟུང་སྟེ། རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་བའི་ཆོད་དོན་ལ་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་མེན་ཨང་ལའེ་ཡིས་ཉིན་དེར་ཚོགས་ཐོག་ནས་བསྟན་དོན། རྒྱལ་ཁབ་ཀྱི་ཞི་འཇགས་སླར་གསོ་བྱེད་པ་དང་རྩ་ཁྲིམས་ལྟར་འདེམ་བསྐོའི་བྱ་འགུལ་སྤེལ་བར་ད་རུང་དུས་ཚོད་ངེས་ཅན་དགོས་པས། ཁོས་རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་མུ་མཐུད་དུ་ཇེ་རིང་ལ་གཏོང་བའི་བསམ་ཚུལ་བཏོན་པ་ཡིན་ཟེར། 

འབར་མའི་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ལྟར་ན། རྒྱལ་ཁབ་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་དེ་ཆེས་རིང་ན་ལོ་ངོ་གཉིས་ལ་རྒྱུན་བསྲིང་ཆོག་པ་དང་། ཐོག་མའི་ཡུན་ཚད་ནི་ལོ་གཅིག་ཡིན། དེའི་རྗེས་སུ་ལོ་ཕྱེད་ནང་ཐེངས་རེ་ཇེ་རིང་དུ་བཏང་ཆོག་པ་རེད། ད་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པ་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན། འབར་མའི་ཙུང་ཐུང་ཝུན་མེན་དང་། རྒྱལ་སྲིད་བློན་ཆེན་ཨང་ཧྲན་སུའུ་ཅི། དེ་མིན་རྒྱལ་ཡོངས་དམངས་གཙོའི་མནའ་འབྲེལ་གྱི་མཐོ་རིམ་དཔོན་པོ་སྐོར་ཞིག་དམག་ཕྱོགས་ཀྱིས་བཀག་འཇུག་བྱས། འབར་མའི་དམག་ཕྱོགས་ཀྱིས་དེའི་རྗེས་སུ་ལོ་གཅིག་རིང་བྲེལ་མྱུར་དོགས་ཟོན་རྣམ་པ་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་ཀྱི་དབང་ཤུགས་དེ་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་མེན་ཨང་ལའེ་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།