ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁར་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ལྷག་བསམ་སྟོན་པའི་གོ་སྐབས་ཤིག་སྟེར་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ཀའེ་ལི་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྟན་དོན། དབྱི་ལིང་གིས་ཡང་བསྐྱར་ཨ་མེ་རི་ཁར་གྲོས་མོལ་ཁྲོད་ལྷག་བསམ་སྟོན་པ་དང་འགན་ཁུར་བའི་བྱ་སྤྱོད་སྤེལ་བའི་གོ་སྐབས་ཤིག་སྟེར་འདོད་ཡོད་ཟེར། 

པཱ་ཀའེ་ལི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། གང་མགྱོགས་སྒོས་ཨ་མེ་རི་ཁ་ཕྱོགས་གཅིག་ཁྲིམས་འགལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་ལས་བཟོས་པའི་གཏོར་བརླག་རང་བཞིན་གྱི་རྙོག་འཛིང་གི་རྣམ་པའི་དབང་གིས་སྤེལ་བའི་གྲོས་མོལ་མཇུག་སྒྲིལ་དུ་འཇུག་ཆེད། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་གཞན་པར་གྲོས་མོལ་གྱི་ནང་དོན་དང་རྣམ་པའི་འདོད་ཚུལ་སྙན་ཞུ་བྱས་ཡོད། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་གཞན་པ་དང་ཁྱད་པར་དུ་ཆིངས་ཡིག་སླར་གསོ་བྱེད་པའི་གྲོས་མོལ་གྱི་མཐུན་སྦྱོར་པའི་བར་མཉམ་ལས་ཟབ་མོ་བྱེད་པ་དང་། ཡང་བསྐྱར་ཨ་མེ་རི་ཁར་གྲོས་མོལ་ཁྲོད་ལྷག་བསམ་སྟོན་པ་དང་འགན་ཁུར་བའི་བྱ་སྤྱོད་སྤེལ་བའི་གོ་སྐབས་ཤིག་སྟེར་འདོད་ཡོད། གལ་ཏེ་ཨ་མེ་རི་ཁས་དེ་ལྟར་བསྒྲུབ་འདོད་ཡོད་ན། དབྱི་ལིང་གིས་དུས་ཡུན་ཐུང་ངུའི་ནང་གྲོས་མོལ་མཇུག་སྒྲིལ་བར་ནམ་ཡིན་ཡང་གྲ་སྒྲིག་བྱས་ཡོད་ཟེར། 

པཱ་ཀའེ་ལི་ཡིས་རྣམ་འགྱུར་དེ་འདྲ་བསྟན་པ་ནི་དབྱི་ལིང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་བཏོན་པའི་འཆར་ཟིན་ལ་ལན་བྱིན་པ་ཡིན་པར་འདོད་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་སྟེང་བཀོད་པའི་རྩོམ་ཡིག་ལས་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཆར་ཟིན་ཡིག་ཆ་ཞིག་བཏོན་ནས་ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ལ་བརྒྱུད་སྤྲོད་བྱས་ཡོད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཉིན་དེར་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་འཆར་ཟིན་ཡིག་ཆ་གསར་བ་དེར་གྲོས་ཞིབ་བྱེད་བཞིན་ཡོད་པ་དང་། ཐད་ཀར་དུ་ཡོ་རོབ་གླིང་མནའ་འབྲེལ་ལ་བསམ་འཆར་འདོན་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།