ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་མེ་མདའི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཁོང་གོ་ཅིན་དང་ཝུ་ཀན་ཏཱའི་མཐའ་མཚམས་ས་ཁུལ་ནས་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་མེ་མདའི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཚབས་ཆེན་ལ་རྒོལ་གཏམ་བཏང་བ་དང་། འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དོན་རྐྱེན་དེ་ལས་བཟོས་པའི་ཚེ་སྲོག་འཕྲོག་པ་དང་གནོད་པ་ཚབས་ཆེན་བཟོས་པར་སེམས་ཁུར་བྱེད་པ་དང་ཡིད་སྐྱོ་བའི་ཚུལ་བསྟན་པར་མ་ཟད། ཁོས་འདས་པོའི་ཁྱིམ་མི་དང་ཁོང་གོ་ཅིན་གྱི་མི་དམངས་སྲིད་གཞུང་ལ་མྱ་ངན་ཞུས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་ཡོད་ཟེར། 

གསལ་སྒྲོག་ལས་བསྟན་དོན། དྲུང་ཡིག་ཆེན་མོའི་ཁོང་གོ་ཅིན་གྱི་ཆེད་མངག་ཕོ་ཉ་ཡིས་དོན་རྐྱེན་དེའི་ནང་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་མི་སྣ་བཀག་འཇུག་བྱས་ཏེ་མྱུར་དུ་རྟོག་ཞིབ་བྱེད་རྒྱུ་ཐག་བཅད་ཡོད་པ་དང་། ཀུའུ་ཐི་ལོས་སི་ཡིས་དོན་དེར་དགའ་བསུ་བྱེད་པའི་ཚུལ་བསྟན་ཡོད་ཟེར། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་མི་སྣ་ཡོང་སའི་རྒྱལ་ཁབ་བར་འབྲེལ་གཏུག་བྱས་ཏེ། གནོད་ཐེབས་མཁན་དང་དཔང་མི་དག་ཟབ་ཞུགས་བྱེད་པའི་ཁྲིམས་འཛིན་ལས་རིམ་མྱུར་མོར་མགོ་བརྩམས་ནས་ཁྲུན་གཅོད་འོས་འཚམ་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པས་ཉིན་དེར་གསལ་སྒྲོ་ཅིག་གི་ནང་དོན་རྐྱེན་དེའི་འབྲེལ་ཡོད་མི་སྣའི་བྱ་སྤྱོད་ནི་འགན་མི་ཁུར་བའི་བཟོད་སྒོམ་བྱེད་དཀའ་བ་ཞིག་ཡིན་པར་རྒོལ་གཏམ་བཏང་། 

ཁོང་གོ་ཅིན་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཉིན་དེའི་སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་ཁོངས་མི་སྐོར་ཞིག་ཁོང་གོ་ཅིན་གྱི་ཅི་ཝུའུ་བྱང་མ་ཞིང་ཆེན་དང་ཝུ་ཀན་ཏཱའི་མཐའ་མཚམས་ས་ཁུལ་གྱི་ཁཱ་ཞིན་ཏིས་མཐའ་སྲུང་ས་ཚིགས་བརྒལ་སྐབས་བཀག་འགོག་ཐེབས་ནས་མེ་མདས་བརྒྱབ་པ་རེད། དེ་ལས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག་ཡོད། ཁོང་གོ་ཅིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པ་དང་མཉམ་དུ་རྟོག་ཞིབ་བྱས་ཏེ་འགན་འཁྲི་གཏན་འཁེལ་བྱས་པ་དང་། འཛིན་བཟུང་བྱས་པའི་འབྲེལ་ཡོད་འགན་ཁུར་བ་བཀག་སྡོམ་ནན་མོ་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།