ཀྲུང་གོའི་གུང་ཁྲན་ཏང་དང་འཛམ་གླིང་མར་ཁི་སི་རིང་ལུགས་སྲིད་ཏང་གི་གླེང་སྟེགས་སྤེལ་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་བརྙན་ལམ་བརྒྱུད་དེ་ཀྲུང་གོའི་གུང་ཁྲན་ཏང་དང་འཛམ་གླིང་མར་ཁི་སི་རིང་ལུགས་སྲིད་ཏང་གི་གླེང་སྟེགས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར། ཡའོ་ནན་གུང་ཁྲན་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཁུ་པཱ་གུང་ཁྲན་ཏང་གི་ཀྲུང་དབྱང་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་སོགས་རྒྱལ་ཁབ་མང་བོའི་སྲིད་ཏང་གི་མགོ་ཁྲིད་པས་གླེང་སྟེགས་སྤེལ་བར་རྟེན་འབྲེལ་ཞུགས། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་པཱ་ནེ་གླེང་སྟེགས་ལ་ཞུགས། རྒྱལ་ཁབ་བདུན་ཅུ་ལྷག་ནས་ཡོང་བའི་མར་ཁི་སི་རིང་ལུགས་ཀྱི་སྲིད་ཏང་དང་གཡོན་ཕྱོགས་སྲིད་ཏང་། ཆབ་སྲིད་རྩ་འཛུགས་བཅས་བརྒྱ་ལྷག་གི་འཐུས་མི་སུམ་བརྒྱ་ལྷག་དྲ་བ་བརྒྱུད་དེ་གླེང་སྟེགས་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ནི་མར་ཁི་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁི་སི་རིང་ལུགས་ཡིན་ལ། ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བྱེད་པར་སྣེ་ཁྲིད་བྱེད་བཞིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་སོ་སོའི་མར་ཁི་སི་རིང་ལུགས་ཀྱི་སྲིད་ཏང་དག་དང་མཉམ་དུ། མར་ཁི་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། བདེན་ལུགས་ཀྱི་འོད་ཟེར་གྱིས་མིའི་རིགས་ཀྱི་མདུན་སྐྱོད་བགྲོད་ལམ་གསལ་བར་བྱེད་འདོད་ཡོད་ཟེར། 

གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྲིད་ཏང་མགོ་ཁྲིད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཀྲུང་གོར་སྣེ་ཁྲིད་དེས་བླངས་པའི་ཀུན་གྱི་མིག་དབང་འཕྲོག་པར་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།