ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཞིང་ཆེན་དེའི་ས་ཁུལ་སྐོར་ཞིག་ལ་བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཆུ་ལོག་གི་གནོད་འཚེ་དེ་ཞིང་ཆེན་དེའི་སི་ཕེང་པུའུ་ཨར་ཏཱ་ཁི་དང་ཀྲ་ལི། ཨར་ཀན་ཏཱ་པུའུ་སོགས་ས་ཁུལ་ནས་བྱུང་བ་དང་། སྡོད་ཁང་བཅུ་ཕྲག་འགར་ཆུ་ལོག་གི་གཏོར་བརླག་ཐེབས་ཡོད། མིག་སྔར་སྲིད་གཞུང་གིས་གནོད་ཐེབས་ས་ཁུལ་དུ་གྱེན་འཕུར་གནམ་གྲུ་མངག་ནས་རྨས་མ་ཕྱིར་སྐྱེལ་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་བཞིན་ཡོད། 

འདས་པའི་གཟའ་འཁོར་གཅིག་གི་ནང་། ཨ་ཧྥུའུ་ཧན་གྱི་ནན་ཀི་ཧཱ་ཨར་དང་ཕན་ཅེ་ཞེ་ཨར། ཐཱ་ཧཱ་ཨར་སོགས་ཞིང་ཆེན་མང་བོར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། ས་ཁུལ་མང་བོར་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།