ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་གིས་མུ་མཐུད་དུ་ཕྱི་འབྲེལ་དང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་ལིང་གིས་མུ་མཐུད་དུ་ཕྱི་འབྲེལ་དང་གྲོས་མོལ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བར་དགའ་བསུ་ཞུས། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ལ་ཁ་པར་བཏང་སྟེ། པའོ་ལོས་ལེ་ཡིས་ཉེ་སྔོན་བཏོན་པའི་འཆར་ཟིན་ཅིག་གི་ཐད་ནས་གོང་གི་སྐད་ཆ་དེ་བཤད་པ་རེད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་པར་བཀའ་དྲིན་ཞུ་བཞིན་ཡོད། དབྱི་ལིང་གིས་ཡུན་རིང་གཏན་འཇགས་ཀྱི་གྲོས་མཐུན་བཟང་བོ་ཞིག་འགོད་པའི་ཆོད་སེམས་ཡོད། གལ་ཏེ་ཨ་མེ་རི་ཁས་ཟོལ་མེད་ཀྱིས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ན། ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་འབྱུང་སྲིད་ཟེར། ཁོས་ད་རུང་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། ཨ་མེ་རི་ཁས་ནམ་རྒྱུན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་དགོས་པར་བཤད་བཞིན་ཡོད་པ་དང་། རྣམ་འགྱུར་དེ་ངེས་པར་དུ་གྲོས་མཐུན་གྱི་མ་ཡིག་དང་འགུལ་སྐྱོད་ཁྲོད་ནས་མངོན་པར་བྱེད་དགོས་ཟེར། 

པའོ་ལོས་ལེ་ཡིས་ཚེས་ཉེར་དྲུག་ཉིན་དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་སྟེང་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཆར་ཟིན་མ་ཡིག་གསར་བ་ཞིག་བཏོན་ནས་ཨ་མེ་རི་ཁ་དང་དབྱི་ལིང་ཕྱོགས་གཉིས་ལ་སྤྲད་ཡོད་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་འཆར་ཟིན་གསར་བ་དེར་གྲོས་ཞིབ་བྱེད་བཞིན་ཡོད་པ་དང་། ཐད་ཀར་དུ་ཡོ་རོབ་གླིང་མནའ་འབྲེལ་ལ་བསམ་འཆར་ཕྱིར་ལྡོག་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།