ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་རྒྱལ་བོ་དང་དབྱི་སི་རལ་གྱི་ཙུང་ལི་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་ཉེར་བདུན་ཉིན་རྒྱལ་ས་ཨན་མན་ནས་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ལཱ་ཕིས་ཏི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། དེ་ནི་ལཱ་ཕིས་ཏི་ཡིས་ཙུང་ལིའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཅོར་ཏན་དུ་འཚམས་འདྲི་བྱས་པ་རེད། 

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཆ་རྐྱེན་གསར་བསྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་དྲང་བདེན་དང་ཕྱོགས་ཡོངས། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་དགོས་པ་དང་། དེའི་ཞོར་དུ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་ཤུགས་སྣོན་བྱས་ཏེ་སྐུལ་འདེད་གཏོང་དགོས། འཕེལ་རིམ་དེ་དག་ཁྲོད་ངེས་པར་དུ་ཕཱ་ལེ་སི་ཐན་མི་དམངས་འདུས་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་སྐྱེལ་འདྲེན་དང་ཉོ་ཚོང་། ཆུ་དང་ནུས་ཁུངས་སོགས་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།