དབྱི་རག་བྱང་ཕྱོགས་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཏུའུ་ཧུའུ་ཁི་ཞིང་ཆེན་གྱི་སྤྲོ་གསེང་བྱེད་སའི་སྡེ་བ་ཞིག་ལ་ཉིན་དེའི་ཕྱི་དྲོར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གསུམ་ལ་རྨས་ཕོག་ཡོད་ཟེར། 

དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། འཇབ་རྒོལ་དོན་རྐྱེན་དེས་དབྱི་རག་གི་བདག་དབང་ལ་གནོད་སྐྱེལ་ཡོད་ཟེར། དབྱི་རག་གི་ཙུང་ལི་ཁཱ་ཏིས་མུས་ཀྱིས་བཀའ་རྒྱ་བཏང་སྟེ་དོན་རྐྱེན་དེར་རྟོག་ཞིབ་བྱེད་དགོས་པ་དང་། ཕྱི་འབྲེལ་པུའུ་ཀྲང་དང་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་གྲུབ་པའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་ཏུའུ་མེན་ཁི་ཞིང་ཆེན་དུ་མངག་དགོས་པའི་རེ་བ་བཏོན། 

དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཉིན་དེར་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཐུར་ཁེ་ཡིས་ཡང་བསྐྱར་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཐུར་ཁེ་ཕྱོགས་ཀྱི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་ཟེར། ཁཱ་ཏིས་མུས་ཀྱིས་གསལ་སྒྲོག་སྤེལ་ཏེ་བསྟན་དོན། དབྱི་རག་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་ལ་རྒོལ་ལན་སྤྲོད་པའི་དབང་ཆ་གང་ཡོད་སོར་འཇོག་བྱེད་རྒྱུ་ཡིན་ཟེར། 

ཉིན་དེའི་དགོང་མོར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་དབྱི་རག་གི་སྐྱོན་འཛུགས་དེ་ཁས་ལེན་མ་བྱས་པ་དང་། དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཟེར། ཐུར་ཁེ་ཕྱོགས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་དོན་དངོས་གནས་ཚུལ་ཐེར་འདོན་བྱེད་རྩིས་ཡོད་པ་དང་། དབྱི་རག་ཕྱོགས་བར་མཉམ་ལས་བྱས་ནས་དོན་རྐྱེན་བཟོ་མཁན་རྩད་གཅོད་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།