ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཉེན་རྟོག་པའི་སྡོད་གནས་ཤིག་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་དགུ་ཉིན་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་པའི་སྡོད་གནས་ཤིག་ལ་འཇབ་རྒོལ་བྱས་ཏེ། རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་དམག་དཔུང་གི་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་དམག་དཔུང་གི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་སྡོད་པའི་ཉེན་རྟོག་དཔོན་པོ་ཀྲ་དབྱེ་ཏིས་ཀྱིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་དགུ་ཉིན་གྱི་ནམ་གུང་ཞིང་ཆེན་དེའི་ཤར་ཕྱོགས་ས་ཁུལ་གྱི་ཉེན་རྟོག་པའི་སྡོད་གནས་ཤིག་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྟེ། ཉེན་རྟོག་དམག་དཔུང་གི་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག ཉེན་རྟོག་ཕྱོགས་ཀྱི་རོགས་དམག་འབྱོར་རྗེས་དྲག་ཆས་ཉེས་ཅན་ཡུལ་དངོས་ནས་བྲོས་བྱོལ་བྱས་པ་དང་། གནས་སྐབས་སུ་དྲག་ཆས་ཉེས་ཅན་གྱི་ཤི་རྨས་གནས་ཚུལ་གསལ་བོར་ཤེས་མེད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་ཉི་ཤུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་དམག་དཔུང་དང་རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་དམག་དཔུང་གི་མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་འབྱོར་ཡོད་པ་དང་། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར། 

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་སཱ་ལཱ་ཧི་ཏེན་ཞིང་ཆེན་ཤར་ངོས་ཀྱི་ཞིང་སྡེ་ས་ཁུལ་དང་མཐའ་འཁོབ་ཀྱི་ས་ཁུལ་གཞན་པར་འཁྱམ་མྱུལ་བྱས་ཡོད་ལ། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། ཉེ་བའི་ཟླ་ངོ་འགའི་ནང་། དབྱི་རག་དམག་དཔུང་གིས་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་གཙང་ཕྱགས་འགུལ་སྐྱོད་མང་དུ་སྤེལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།