ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་ཚེས་བཅུ་དགུ་ཉིན་རྒྱལ་ས་ཨར་ཅིར་ནས་བཤད་རྒྱུར། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ཐི་པིན་གྱིས་ཉིན་དེར་ཨར་ཅི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ལིས་ཅན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ལིས་ཅན་གྱིས་ཨར་ཅི་རི་ཡཱའི་རང་བཙན་གསར་བརྗེའི་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དྲུག་ཅུ་འགོར་བ་དང་ཨོ་ལན་ས་དཀྱིལ་མཚོ་ཁོངས་ལུས་རྩལ་འགྲན་ཚོགས་སྤེལ་བར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་དང་ཨར་ཅི་རི་ཡཱའི་བར་འབྲེལ་བ་བཙུགས་པའི་ཚུན་ལ་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་གཞན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨར་ཅི་རི་ཡཱའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་ཨར་ཅི་རི་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ནང་དོན་གསར་བ་ཁ་སྣོན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།