ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་སེ་པེད་ཅང་གིས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས་བཅོ་བརྒྱད་ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཨ་སེ་པེད་ཅང་གིས་ཡོ་རོབ་གླིང་དུ་སྐྱེལ་འདྲེན་བྱེད་པའི་རང་བྱུང་སོལ་རླངས་ཀྱི་ཚད་ཇེ་མང་དུ་གཏོང་རྒྱུ་ཁས་ལེན་བྱས། 

ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་ལེ་ཡེ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྥུན་ཏི་ལའེ་ཨིན་དང་གྲོས་མོལ་བྱས་པར་མ་ཟད། ནུས་ཁུངས་ཁྱབ་ཁོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་བཟོད་སྒོམ་བརྗེད་ཐོ་འགོད་པའི་མིང་འགོད་མཛད་སྒོར་ཞུགས་རྒྱུ་ཡིན་ཟེར། 

ཧྥུན་ཏི་ལའེ་ཨིན་གྱིས་དེའི་རྗེས་སུ་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བཟོད་སྒོམ་བརྗེད་ཐོ་བཀོད་པ་ལས་ཕྱོགས་གཉིས་ཀྱིས་ལྷོ་ཕྱོགས་ཀྱི་རང་བྱུང་སོལ་རླངས་ཀྱི་བར་ཁྱམས་ཞེས་པའི་ལས་གཞིའི་སྐྱེལ་འདྲེན་ནུས་པ་ཇེ་ཆེར་གཏོང་བར་འབད་བརྩོན་བྱེད་བཞིན་པ་མཚོན་ཡོད། ལས་གཞི་དེ་ལས་ལོ་རེར་ཡོ་རོབ་གླིང་དུ་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་བརྒྱད་ལས་བརྒལ་བའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་དང་། མ་འོངས་པའི་ལོ་འགའི་ནང་སོལ་རླངས་སྐྱེལ་འདྲེན་གྱི་ཚད་ལོ་རེར་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཉིས་ལ་རྒྱ་བསྐྱེད་རྒྱུ་ཡིན། སང་ལོར་ལས་གཞི་དེའི་སྐྱེལ་འདྲེན་ནུས་པ་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ལ་བསླེབ་སྲིད་པ་དང་། ཡོ་རོབ་གླིང་རྒྱལ་ཁབ་ཀྱི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་དགོས་མཁོ་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ལ། ཡོ་རོབ་གླིང་གི་ནུས་ཁུངས་མཁོ་འདོན་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། 

ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེད་ཅང་གིས་སྐུལ་འདེད་བཏང་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱབ་སྐྱོར་ཐོབ་པའི་ནུས་ཁུངས་ལས་གཞི་དེས་ཡོ་རོབ་གླིང་གི་ནུས་ཁུངས་ཇུས་གཞི་བསྒྱུར་ཡོད། ཕྱོགས་གཉིས་ཀྱིས་ནུས་ཁུངས་ཁྱབ་ཁོངས་སུ་དུས་ཡུན་རིང་བོའི་བློ་གཏད་རུང་བའི་གྲོགས་པོའི་འབྲེལ་བ་བཙུགས་ཡོད་ལ། ཉིན་དེར་བཀོད་པའི་བཟོད་སྒོམ་བརྗེད་ཐོ་དེ་མ་འོངས་ནུས་ཁུངས་མཉམ་ལས་ཀྱི་ལམ་ཐིག་ཇུས་གཞིར་འགྱུར་སྲིད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་ཅཱ་ཝན་རླངས་གཟུགས་ཀྱི་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།