ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཀྲང་ཅུན་གྱིས་ཕྱོགས་བཞིའི་ཐད་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་ཀྲང་ཅུན་གྱིས་ཚེས་བཅུ་གཉིས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་འཐབ་ཇུས་འབྲེལ་མཐུད་གནད་དོན་གྱི་མངོན་གསལ་རྩོད་གླེང་ཚོགས་འདུའི་སྟེང་གཏམ་བཤད་དེ། ཕྱོགས་བཞིའི་ཐད་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།

ཀྲང་ཅུན་གྱིས་བཤད་དོན། འཐབ་ཇུས་འབྲེལ་མཐུད་ཀྱིས་འཛམ་གླིང་གིས་ཞི་བདེ་སྲུང་སྐྱོབ་ལ་སྔར་ལས་རྒྱུས་ལོན་བྱེད་དུ་འཇུག་པ་དང་། དེ་དང་མཉམ་དུ་ཞི་བདེ་སྲུང་སྐྱོབ་ཀྱིས་སྔར་ལས་བཟང་བའི་སྒོ་ནས་འཛམ་གླིང་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེ་སྲུང་སྐྱོབ་ཀྱི་ཆེད་དུ་འགུལ་སྐྱོད་སྤེལ་བའི་གྲོས་འགོ་བཏོན་ཏེ་འཐབ་ཇུས་འབྲེལ་མཐུད་དེ་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ནང་དོན་དུ་འཇོག་པ་དང་། དེ་ལྟར་བྱས་ན་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་པ་ཡོད་ཟེར། ཀྲུང་གོ་ཕྱོགས་ཀྱིས་བལྟས་ན་ཕྱོགས་བཞི་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དགོས་ཏེ། གཅིག སྔར་ལས་སྟོབས་ཤུགས་ཆེ་བའི་གྲོགས་པོའི་འབྲེལ་བ་འཛུགས་དགོས། གཉིས། སྔར་ལས་བཟང་བའི་སྒོ་ནས་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། གསུམ། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ནུས་ལྡན་འགན་འཁྲི་ལ་སྐུལ་འདེད་གཏོང་དགོས། བཞི། འཐབ་འཇུས་འབྲེལ་མཐུད་ཀྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།