ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་གསུམ་ཉིན་ཝུའུ་ཁི་ལན་གྱི་འབྲུ་རིགས་ཕྱིར་གཏོང་གནད་དོན་གྱི་ཕྱོགས་བཞིའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུས།

ཀུའུ་ཐི་ལེ་སི་ཡིས་ཉིན་དེར་ཉིག་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེའི་དབྱི་སི་ཐན་པུའུ་ཨར་ནས་བསྡུས་པའི་གྲོས་མོལ་ལས་ཝུའུ་ཁི་ལན་གྱི་ཞིང་ལས་ཐོན་རྫས་མཚོ་ནག་བརྒྱུད་དེ་བདེ་འཇགས་ཀྱིས་ཕྱིར་གཏོང་བྱེད་པའི་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་ཏེ། ཉེན་ཚབས་ཀྱི་གནས་སུ་གྱར་པའི་འཛམ་གླིང་ལ་རེ་བ་ཕྲ་མོ་ཞིག་བྱིན་སོང་ཟེར།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ངོ་མ་ཐོབ་ནས། འབྲེལ་ཡོད་ཕྱོགས་བར་དུ་འགོག་སྡོམ་རྐྱེན་སྲོལ་དང་མཐུན་སྦྱོར་རྐྱེན་སྲོལ། འགད་རྫས་བཤེར་ལེན་སོགས་གནད་དོན་ཞིབ་མོའི་ཐད་ལྟ་ཚུལ་གཅིག་མཐུན་བྱུང་ཡོད་ཟེར། ཁོས་ཕྱོགས་སོ་སོས་མི་འགྱངས་པར་ཡང་བསྐྱར་གྲོས་མོལ་བྱས་ཏེ། མཇུག་མཐའི་གྲོས་ཆོད་འགོད་རྒྱུའི་རེ་བ་བཏོན།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། གྲོས་མོལ་ལ་གྲུབ་འབྲས་ཐོབ་པ་དེས་གྲོས་མོལ་གྱི་གལ་ཆེན་རང་བཞིན་གསལ་བོར་མཚོན་ཡོད་ཟེར། ཁོས་ཕྱོགས་སོ་སོས་ཉམས་མྱོང་བསྡུ་ལེན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་གྲོས་མོལ་བྱས་ཏེ་འགལ་བ་ཞི་བས་ཐག་གཅོད་དགོས་པའི་རེ་བ་བཏོན།

ཐུར་ཁེ་དང་ཨུ་རུ་སི། ཝུའུ་ཁི་ལན་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱི་འཐུས་ཚབ་ཀྱིས་ཚེས་བཅུ་གསུམ་ཉིན་དབྱི་སི་ཐན་པུའུ་ཨར་ནས་ཝུའུ་ཁི་ལན་གྱིས་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པའི་གནད་དོན་སྐོར་ནས་ཕྱོགས་བཞིའི་གྲོས་མོལ་བྱས་ཏེ། མཐུན་སྦྱོར་ལྟེ་གནས་བཙུགས་ནས་འབྲུ་རིགས་སྐྱེལ་འདྲེན་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པར་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།