ཙའོ་ཁི་ཡིས་ཝང་དབྱི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན།   ཧིན་རྡུ་ཉི་ཤི་ཡའི་ཙུང་ཐུང་ཙའོ་ཁི་ཡིས་ཡ་ཅཱ་ཏ་རུ་ཧིན་རྡུ་ཉི་ཤི་ཡར་མཚམས་འདྲི་ཡོང་བའི་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་དབྱིལ་ཐུག་འཕྲད་བྱས།

ཙའོ་ཁི་ཡིས་ཝང་དབྱི་ཡིས་ཁོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་མཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱེད་དགོས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཤི་ཡ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས་པར་མ་ཟད།    རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྲོས་མོལ་མཉམ་ལས་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས།   ཙའོ་ཁི་ཡིས་ཧིན་རྡུ་ཉི་ཤི་ཡ་ཡིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་།   གཞི་གྲངས།  ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཙའོ་ཁི་ཡིས་བསྟན་དོན།   ཕྱོགས་གཉིས་ཀྱི་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་ཡ་ཝན་མྱུར་བགྲོད་ལྕགས་ལམ་མཉམ་འཛུགས་བྱེད་པ་སོགས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཙོ་བོར་མྱུར་དུ་སྐུལ་འདེད་གཏོང་བ་དང་།   ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་སྔར་ལས་མང་པོ་ཧིན་རྡུ་ཉི་ཤི་ཡར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བ་ཡིན་ཟེར།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཙའོ་ཁི་ལ་བརྩེ་བའི་མཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་པ་དང་།    ཧིན་རྡུ་ཉི་ཤི་ཡ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་དཔོན་པའི་གྲོས་ཚོགས་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས་པ་མ་ཟད། དེས་ཧིན་རྡུ་ཉི་ཤི་ཡ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་དཔལ་འབྱོར་ཕུང་བོའི་འཐུས་ཚབ་ཡིན་པའི་བྱེད་ནུས་གལ་ཆེན་མངོན་ཡོད་པ་དང་།   མཐུན་སྒྲིལ་གྱིས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འཐབ་རྩོད་ལ་ཁ་གཏད་འཇལ་བའི་དགེ་མཚན་ལྡན་པའི་བརྡ་ཡང་དག་བཏང་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཤི་ཡ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་བཟང་བོར་སྤེལ་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་འཛམ་གླིང་བསྐྱར་དར་ཐད་ཨེ་ཤ་ཡའི་བྱེད་ནུས་འདོན་སྤེལ་བྱེད་པ་དང་ཨེ་ཤ་ཡའི་སྟོབས་ཤུགས་འབུལ་ངེས་ཡིན་ཟེར།

ཝང་དབྱི་ཡིས་བསྟན་དོན།  རིམས་ནད་བྱུང་བའི་ཚུན་ལ།  ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་བརྗེ་རེས་འབྲེལ་འདྲིས་ཟབ་མོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིམ་པ་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་པའི་ཐད་འཐབ་ཇུས་སྣེ་ཁྲིད་འདོན་སྤྲོད་བྱས་པར་མ་ཟད།    རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་ངང་རིམས་ནད་འགོག་སྡོམ་བྱེད་པ་དང་བསྐྱར་དར་འཕེལ་རྒྱས་ཡོང་བའི་ཐད་སྟོབས་ལྡན་སྒུལ་ཤུགས་འདོན་སྤྲོད་བྱས།  ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།   ཆབ་སྲིད་དང་དཔལ་འབྱོར།    མི་གཞུང་།   མཚོ་ཐོག་མཉམ་ལས་བཅས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་།   ལས་སྐལ་གཅིག་མཐུན་ཚོགས་ལ་མཉམ་དུ་བསྐྲུན་པའི་ཁ་ཕྱོགས་ཆེན་པོ་གསལ་བོར་བཏོན་པར་མ་ཟད།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མདུན་ལྗོངས་གསར་པ་བཏོད་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།