ཀྲུང་གོ་བོད་ཀྱི་དྲ་བ།

ཏའེ་པིན་གྱིས་ཡེ་མིན་གྱི་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིན་གྱིས་ཚེས་བཅུ་གཅིག་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མིན་གནད་དོན་ཀྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་ཏེ།    ཡེ་མིན་གྱི་ཕྱོགས་སོ་སོས་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་གཏོང་བ་དང་།   ཡེ་མིན་གནད་དོན་གྱི་ཡུན་རིང་ཐག་གཅོད་ཇུས་གཞི་མཉམ་དུ་འཚོལ་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

ཏའེ་པིན་གྱིས་བཤད་རྒྱུར།    ཉེ་བའི་དུས་སྐབས་ཤིག་གི་རིང་།  ཡེ་མིན་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་སྤྱིའི་ཆ་ནས་སྲུང་འཛིན་བྱས་ནས་བདེ་འཇགས་དང་མི་ཆོས་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།   ཡེ་མིན་གྱི་དམག་འཁྲུག་མཚམས་འཇོག་པའི་དུས་བཀག་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ལོངས་ཡོད།     མུ་མཐུད་དུ་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ་ནི་ཡེ་མིན་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་སེམས་འདུན་ཡིན་པར་མ་ཟད།  ཡེ་མིན་གྱི་ཕྱོགས་སོ་སོའི་ཁེ་ཕན་དང་ཡང་མཐུན།  ཀྲུང་གོ་ཕྱོགས་ཀྱིས་ཡེ་མིན་གྱི་ཕྱོགས་སོ་སོས་ཆབ་སྲིད་འདོད་བློ་ཇེ་བརྟན་དུ་གཏོང་བ་དང་།   ཆབ་སྲིད་ཀྱིས་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་དམ་པོར་འཛིན་པ།   དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཇེ་རིང་དུ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ་ཡེ་མིན་གྱི་གནད་དོན་ཡུན་རིང་ཐག་གཅོད་བྱ་ཐུབ་པའི་ཇུས་གཞི་ཞིག་མཉམ་དུ་འཚོལ་ཞིབ་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཏའེ་པིན་གྱིས་བཤད་རྒྱུར།    ཡེ་མིན་ཉེ་བའི་ལོ་འགའི་རིང་གི་འབྲུ་རིགས་ཉམས་ཉེན་ཚབས་ཆེན་དང་འཕྲད་ཡོད་པ་དང་།  མི་ཆོས་རིང་ལུགས་གནས་བབ་ཧ་ཅང་རྙོག་འཛིང་དུ་གྱུར་ཡོད།   ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་སྡེ་ཁག་གིས་ཡེ་མིན་གྱི་མི་ཆོས་གནས་བབ་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་པ་དང་།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མིན་གྱི་རོགས་སྐྱོར་སྲུང་འཛིན་བྱེད་པ། རོགས་སྐྱོར་དམ་བཅའ་དོན་འཁྱོལ་བྱེད་པ་དང་དངུལ་འདོན་ཤུགས་ཚད་ཇེ་རུ་བཏང་སྟེ་མི་ཆོས་དང་བདེ་འཇགས་གནས་བབ་མཉམ་དུ་ལེགས་བཅོས་ཡོང་བ་བརྩོན་ལེན་བྱ་རྒྱུའི་འབོད་སྐུལ་བཏང་བ་ཡིན།    ཡེ་མིན་གྱི་ཕྱོགས་སོ་སོས་མི་ཆོས་འགུལ་སྐྱོད་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ཏེ་མི་ཆོས་གནས་བབ་ཇེ་ལེགས་སུ་གཏོང་བའི་ཐད་སྟབས་བདེ་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།