ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞིས་འཛམ་གླིང་ད་དུང་དམག་འཁྲུག་ཆེན་མོ་འབྱུང་བའི་ཚད་དུ་སླེབས་མེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ཝོ་ལོ་ཅིན་གྱིས་ཚེས་བཅུ་ཉིན་བཤད་རྒྱུར། འཛམ་གླིང་ད་དུང་དམག་འཁྲུག་ཆེན་མོ་འབྱུང་བའི་ཚད་དུ་སླེབས་མེད་ཟེར། ཝུའུ་ཁི་ལན་གྱི་ཧར་ཁོ་ཧྥུའུ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་ཞི་ནའེ་ཀུའུ་པོ་ཧྥུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཧར་ཁོ་ཧྥུའུ་མངའ་སྡེ་ནི་སྔར་བཞིན་ཨུ་རུ་སིའི་དམག་དཔུང་གི་དམིགས་འབེན་གཙོ་བོ་ཡིན་པས། ཝུའུ་ཁི་ལན་ཕྱོགས་ཀྱིས་མངའ་སྡེ་དེ་རུ་ཉིན་མཚན་མེད་པར་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད་ཟེར།

ཨུ་རུ་སིའི་བརྙན་འཕྲིན་ཁང་ཞིག་གིས་ཚེས་བཅུ་ཉིན་བསྒྲགས་པའི་ཨོ་ལོ་ཅིན་ལ་བཅར་འདྲི་བྱས་པའི་བརྙན་རིས་ཞིག་ལས། ཝོ་ལོ་ཅིན་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ནུས་པ་ཅི་ཡོད་བཏོན་ནས་ཨུ་རུ་སི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་པ་དང་། གལ་ཏེ་ཁོས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུའི་ཐག་མ་བཅད་ཚེ། འཛམ་གླིང་དམག་འཁྲུག་ཆེན་མོའི་ཉེན་ཁའི་གནས་སུ་ལྷུང་ངེས་ཟེར། ཁོས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཞི་བདེའི་ཐབས་ལམ་སྤྱད་དེ་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་འདོད་མེད་པ་དང་། ཁོ་ཚོས་ཝུའུ་ཁི་ལན་གྱི་ཉེན་ཚབས་བེད་སྤྱད་དེ་ཨུ་རུ་སིའི་ནུས་པ་ཇེ་ཆུང་དུ་གཏོང་འདོད་ཡོད་ཟེར།

ཝུའུ་ཁི་ལན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཞི་ནའེ་ཀུའུ་པོ་ཧྥུའུ་ཡིས་ཚེས་བཅུ་ཉིན་བརྙན་འཕྲིན་ཐད་གཏོད་ལེ་ཚན་ཞིག་བརྒྱུད་དེ། མངའ་སྡེ་དེའི་དམག་འཁྲུག་གི་གནས་བབ་ལ་ཉེ་སྔོན་འགྱུར་ལྡོག་ཆེན་པོ་མ་བྱུང་བ་དང་། ཨུ་རུ་སིས་མངའ་སྡེ་དེར་དཔུང་འཇུག་བྱེད་ཐུབ་མེད་མོད། ཡིན་ནའང་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་མངའ་སྡེ་དེའི་བྱང་ཕྱོགས་དང་ཤར་བྱང་ཕྱོགས། ཤར་ལྷོའི་ཕྱོགས་ཀྱི་དབྱི་ཅིག་མུའུ་ས་ཁུལ་བཅས་ནས་མུ་མཐུད་དུ་འཐབ་འཁྲུག་དྲག་པོ་རྒྱག་བཞིན་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་མངའ་སྡེ་དེ་ནས་ཉིན་མཚན་མེད་པར་འགོག་སྲུང་གི་ནུས་པ་ཇེ་ཆེར་གཏོང་བཞིན་ཡོད་ཅེས་བཤད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁོ་ནཱ་ཧྲིན་ཁོ་ཧྥུའུ་ཡིས་ཚེས་བཅུ་ཉིན་བསྒྲགས་པ་ལྟར་ན། འདས་པའི་ཉིན་གཅིག་གི་རིང་ལ། ཨུ་རུ་སིའི་དམག་དཔུང་གིས་མཚོན་ཆ་གཟུར་མོ་སྤྱད་དེ་ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་དུ་ཡོད་པའི་གནས་སྐབས་བཀོད་སྒྲིག་བྱེད་གནས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཝུའུ་ཁི་ལན་ཕྱོགས་ཀྱི་མི་བརྒྱ་ཙམ་བསད་པ་དང་། སྒྱོགས་མདེལ་སྟོང་གཅིག་དང་བདུན་བརྒྱ་ཙམ་བརླགས་ཡོད། ཨུ་རུ་སིའི་མཁའ་དམག་གིས་ད་དུང་ཝུའུ་ཁི་ལན་གྱི་འཐབ་འཛིང་གནམ་གྲུ་གསུམ་འགས་གཏོར་བཏང་བ་ཡིན་ཟེར། ཁོས་བཤད་རྒྱུར། དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཨུ་རུ་སིའི་དམག་གིས་བསྡོམས་པས་ཝུའུ་ཁི་ལན་དམག་དཔུང་གི་གནམ་གྲུ་ཉིས་བརྒྱ་དང་ཞེ་གཉིས་དང་གྱེན་འཕུར་གནམ་གྲུ་བརྒྱ་དང་སོ་བདུན། མི་མེད་གནམ་གྲུ་སྟོང་གཅིག་དང་ལྔ་བརྒྱ་དང་དྲུག མཁའ་ཟོན་འཕུར་མདའི་མ་ལག་སུམ་བརྒྱ་དང་ང་གསུམ། ཐན་ཁི་འཁོར་ལོ་དང་གཞན་པའི་ཁྲབ་ལྡན་འཁོར་ལོ་སྟོང་གསུམ་དང་དགུ་བརྒྱ་དང་གོ་ལྔ། མེ་སྒྱོགས་སྟོང་གསུམ་དང་བརྒྱད་བརྒྱ་ལྷག ཆེད་དམིགས་དམག་བཀོལ་རླངས་འཁོར་སྟོང་བཞི་དང་བརྒྱ་དང་ཉེར་བརྒྱད་བཅས་འགས་གཏོར་བཏང་ཡོད་ཟེར།

ཝུའུ་ཁི་ལན་གསར་འགྱུར་ཁང་གིས་ཚེས་བཅུ་ཉིན་ཝུའུ་ཁི་ལན་གྱི་ས་ཆ་སོ་སོའི་དམག་དོན་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་དྲངས་པ་ལྟར་ན། འདས་པའི་ཉིན་གཅིག་གི་རིང་ལ། ཨུ་རུ་སིའི་དམག་དཔུང་གིས་མུ་མཐུད་དུ་སུའུ་མཱེ་དང་ཧར་ཁོ་ཧྥུའུ། ཧོར་སུང་། ལུའུ་ཀན་སི་ཁི། ཏོན་ཉི་ཚིས་ཁི་སོགས་ས་ཁུལ་ལ་འཇབ་རྒོལ་བྱས་སོང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚེས་དགུ་ཉིན་ཉི་ཀུའུ་ལཱ་ཡེ་ཧྥུའུ་མངའ་སྡེ་དང་ཧོར་སུང་མངའ་སྡེའི་ཨུ་རུ་སིའི་དམག་སྒར་ལ་འཇབ་རྒོལ་བྱས་པར་མ་ཟད། ས་དེ་རུ་ཡོད་པའི་ཨུ་རུ་སིའི་དམག་དཔུང་གི་མདེལ་རྫས་མཛོད་ཁང་བཞི་དང་དམག་དོན་སྒྲིག་ཆས་མང་པོ་འགས་གཏོར་བཏང་བ་ཡིན་ཟེར།

ཐ་སི་གསར་འགྱུར་ཁང་གིས་ཚེས་དགུ་ཉིན་ལུའུ་ཀན་སི་ཁི་དྲག་ཆས་སྟོབས་ཤུགས་ཀྱིས་བསྒྲགས་པའི་གནས་ཚུལ་བཀོད་པ་ལྟར་ན། ལུའུ་ཀན་སི་ཁིའི་དྲག་ཆས་སྟོབས་ཤུགས་དང་ཨུ་རུ་སིའི་དམག་དཔུང་གིས་ཏོན་ཉི་ཚིས་ཁི་ས་ཁུལ་གྱི་ཞེ་ཝེར་སི་ཁི་དང་ཨར་ཆའོ་མོ་ཧྥུའུ་སི་ཁི། སོ་ལེ་ཏར་བཅས་གྲོང་ཁྱེར་གསུམ་ལ་དཔུང་འཇུག་བྱེད་བཞིན་ཡོད་པ་དང་། མིག་སྔར་གྲོང་ཁྱེར་དེ་གསུམ་ལ་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱས་ཡོད་ཟེར།

མཱ་ལེ་ཝུའུ་པོར་གྲོང་ཁྱེར་གྱི་ཧྲི་ཀྲང་གི་བློ་འདོན་པ་ཨན་ཏི་ལེ་ཞན་ཁོ་ཡིས་ཚེས་བཅུ་ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེགས་བུ་བརྒྱུད་དེ། ཨུ་རུ་སིའི་དམག་དཔུང་གི་རླངས་འཁོར་ཆེ་གྲས་ཀྱིས་དམག་དོན་སྒྲིག་ཆས་དང་དམག་མི་དྲུད་དེ་ཚེས་དགུ་ཉིན་གྱི་ནམ་གུང་མཱ་ལེ་ཝུའུ་པོར་གྲོང་ཁྱེར་ནས་པེར་ཅང་སི་ཁི་གྲོང་ཁྱེར་ཕྱོགས་སུ་ཆས་སོང་ཟེར།

ལུའུ་ཀན་སི་ཁིའི་དམག་དོན་སྲིད་འཛིན་དཔོན་ཞེར་ཀའེ་ཀའེ་ཏའེ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁི་ས་ཁུལ་གྱི་པེ་ལོ་ཀི་ལོ་ཧྥུའུ་ཁ་གྲོང་ཁྱེར་ཉེ་འདབས་སུ་དམག་མི་བསྡུ་རུབ་བྱེད་བཞིན་པ་དང་། པེ་ལོ་ཀི་ལོ་ཧྥུའུ་ཁ་གྲོང་ཁྱེར་ཉེ་འདབས་ཀྱི་སྡོད་དམངས་འདུག་སར་སྒྱོགས་མདེལ་འཕངས་པར་མ་ཟད་བར་སྣང་ནས་འཇབ་རྒོལ་བྱས་མོད། ཡིན་ནའང་ཨུ་རུ་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁི་ས་ཁུལ་དབང་དུ་སྡུད་ཐུབ་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།