ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོས་དབྱི་ལང་གིས་གྲོས་མོལ་བྱེད་སྐབས་ཚད་ལས་བརྒལ་བའི་རེ་བ་ཅི་ཡང་བཏོན་མེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་ཚེས་དྲུག་ཉིན་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་གྲོས་མོལ་བྱེད་སྐབས། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་ཚད་བརྒལ་གྱི་རེ་བ་གཅིག་ཀྱང་བཏོན་མེད་ཟེར།

ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་འཚམས་འདྲིར་ཡོང་བའི་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པའི་ཞོར་དུ་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བའི་མུའུ་ཧན་མོ་ཏི་དང་མཉམ་དུ་གསར་འགོད་པའི་ཚོགས་འདུ་བསྡུ་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཨ་པུའུ་ཏུའུ་ལཱ་ཞི་དབྱང་གིས་བཤད་རྒྱུར། དབྱི་ལང་གིས་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་བསྡུས་པའི་གཞན་བརྒྱུད་ཀྱི་གྲོས་མོལ་ཁྲོད་དུ། ཨ་མེ་རི་ཁས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་དཔལ་འབྱོར་ཁེ་ཕན་ཡོངས་རྫོགས་ལོངས་སྤྱོད་བྱེད་ཐུབ་པར་ཁག་ཐེག་ནུས་ལྡན་བྱ་རྒྱུའི་རེ་བ་བཏོན་པ་ཡིན་ལ། རེ་བ་དེ་ཚད་ལས་བརྒལ་མེད་མོད། ཡིན་ནའང་ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལང་ཕྱོགས་ལ་རེ་བ་དེ་མངོན་འགྱུར་བྱེད་ཐུབ་པའི་ཁག་ཐེག་ཅི་ཡང་བྱེད་ཐུབ་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་ལང་གིས་ཉེ་སྔོན་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་རེ་བ་ལྷག་མ་མང་དུ་བཏོན་མྱོང་ལ། བློ་ཕམ་པ་ཞིག་ལ་ང་ཚོས་ཏོ་ཧའི་གྲོས་མོལ་ཁྲོད་དུ་ཡང་འདི་འདྲའི་གནས་ཚུལ་མཐོང་བྱུང་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་དེ་ལྟར་ན་དབྱི་ལང་གིས་རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱ་རྒྱུའི་དམ་བཅས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་དགོས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁ་ཕྱོགས་གཅིག་པུས་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་པ་དང་། དེའི་རྗེས་སུ་ཡང་བསྐྱར་དབྱི་ལང་ལ་བཀག་སྡོམ་བྱེད་པའི་ཐབས་ཤེས་རབ་དང་རིམ་པ་སླར་གསོ་དང་གསར་སྣོན་བྱས། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་པའི་ཚུན་ལ། དབྱི་ལང་གིས་རིམ་བཞིན་གྲོས་ཆོད་ཁྲོད་ཀྱི་དོན་ཚན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག་པ་དང་། ཨ་མེ་རི་ཁའི་རྣམ་འགྱུར་དང་བསྟུན་ནས་བྱེད་ཐབས་དེ་དག་ལ་འགྱུར་བ་བཏང་ཆོག་པའི་དམ་བཅས།

དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པ་ནས་བཟུང་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁ་དང་དབྱི་ལང་རྒྱལ་ཁབ་གཉིས་ཀྱིས་གྲོས་ཆོད་ཡང་བསྐྱར་ལག་བསྟར་བྱེད་པའི་གནད་དོན་ལ་གྲོས་སྡུར་བྱས་པ་དང་། ཨ་མེ་རི་ཁ་གཞན་བརྒྱུད་ཀྱི་ལམ་ནས་གྲོས་མོལ་ལ་ཞུགས། གྲོས་མོལ་སྐོར་ཐེངས་བརྒྱད་པ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཝེ་ཡེ་ནཱ་ནས་བསྡུས། ད་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པོ་ལེ་ལིས་ཀྱིས་གྲོས་མོལ་དེ་ཕྱིའི་རྒྱུ་རྐྱེན་གྱི་དབང་གིས་གནས་སྐབས་སུ་མཚམས་བཞག་པ་ཡིན་ཞེས་ཁྱབ་བསྒྲགས་བྱས། ད་ལོའི་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ནས་ཉེར་དགུ་ཉིན་བར། ཡོ་རོབ་གླིང་མནའ་འབྲེལ་གྱི་འདུམ་སྒྲིག་འོག་ཏུ། དབྱི་ལང་དང་ཨ་མེ་རི་ཁས་ཏོ་ཧ་ནས་དུས་ཡུན་ཉིན་གཉིས་རིང་གི་གཞན་བརྒྱུད་གྲོས་མོལ་བྱས་ནའང་། གྲུབ་འབྲས་མངོན་གསལ་ཐོབ་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།