ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐཱན་ལྷོ་ནུབ་ཕྱོགས་སུ་དྲག་ཆར་བབས་ནས་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐཱན་གྱི་ས་གནས་དཔོན་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་པེ་ལུའུ་ཀྲི་ཞིང་ཆེན་དུ་བསྟུད་མར་དྲག་ཆར་བབས་ནས་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་བཞི་བཅུ་ལས་བརྒལ།

པེ་ལུའུ་ཀྲི་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གི་དཔོན་རིགས་ནཱ་ཞི་ཨར་ཨེ་ཧཱ་མེ་ཏི་ནཱ་སཱ་ཨར་གྱིས་ཉིན་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དེ་བཤད་དོན། ཞིང་ཆེན་དེར་ཚེས་བཞི་ཉིན་ནས་བཟུང་དྲག་ཆར་བབས་ནས་ས་གནས་མང་པོར་ཆུ་ལོག་བྱུང་བ་དང་། ཁང་བ་ཉིས་བརྒྱ་ལྷག་ལ་གཏོར་བརླགས་ཐེབས་པར་མ་ཟད། ཕྱུགས་ཟོག་ཉིས་སྟོང་ལྷག་ལ་གནོད་པ་ཐེབས་ཟེར།

པེ་ལུའུ་ཀྲི་ཞིང་ཆེན་གྱི་གནོད་འཚེ་དོ་དམ་སྡེ་ཁག་གིས་ཉིན་དེར་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། དྲག་ཆར་བབས་པའི་དབང་གིས་ཞིང་ཆེན་དེའི་གྲོང་ཁྱེར་གཙོ་བོ་ཁུའེ་ཏའི་གནས་ཚུལ་ཉིན་དེ་ནས་བཟུང་ཛ་དྲག་ཏུ་གྱུར་ཡོད་ལ། མིག་སྔར་ཁུའེ་ཏ་གྲོང་ཁྱེར་དུ་བྱིས་པ་ཚུད་པའི་མི་བརྒྱད་དྲག་ཆར་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ནམ་ཟླའི་ཤུགས་རྐྱེན་གྱི་དབང་གིས་ལོ་རེའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར་ནི་ཕ་ཁི་སི་ཐཱན་གྱི་ཆར་དུས་ཡིན་པ་དང་ཆར་ཆུ་འབབ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ་དང་། རི་ཉིལ་བ་དང་འདམ་རུད་སོགས་ཀྱི་གནོད་འཚེ་རྒྱུན་པར་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།