ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་གིས་ལུའུ་ཀན་སི་ཁི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཡོངས་འགྲུབ་བྱས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཚེས་བཞི་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཡར་ཞུ་བྱེད་སྐབས་བཤད་དོན། ལུའུ་ཀན་སི་ཁི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཡོངས་འགྲུབ་བྱས། ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་དོན། ཝུའུ་ཁི་ལན་དམག་དཔུང་གིས་ཏུང་ཉི་ཚིས་ཁིའི་ས་ཁལ་ཁ་ཤས་འགོག་སྲུང་བྱེད་པར་ཤུགས་བསྣན་ཟེར།

ཧྲའོ་དབྱི་ཀུའུ་ཡིས་ཕུའུ་ཅིན་ལ་ཡར་ཞུ་བྱེད་སྐབས་བཤད་དོན། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་གྱི་ཚུན་ལ། ཨུ་རུ་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁིའི་དྲག་ཆས་སྟོབས་ཤུགས་དང་མཉམ་དུ་འགུལ་སྐྱོད་སྤེལ་ནས། ལུའུ་ཀན་སི་ཁི་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཡོངས་འགྲུབ་བྱས་པ་དང་། འགུལ་སྐྱོད་དེས་ཟླ་བདུན་པའི་ཚེས་གསུམ་ཉིན་ལིས་ཞི་ཁྲང་སི་ཁི་གྲོང་ཁྱེར་ཚོད་འཛིན་བྱས་པ་མཇུག་རྫོགས་པ་ཁྱབ་སྒྲོག་བྱས། མིག་སྔར། ཨུ་རུ་སིའི་དམག་དཔུང་གིས་ལིས་ཞི་ཁྲང་སི་ཁི་གྲོང་ཁྱེར་དང་དེ་མིན་མཐའ་འཁོར་ས་ཁུལ་དུ་ས་འོག་འབར་མདེལ་སེལ་བ་དང་མི་ཆོས་རིང་ལུགས་དངོས་རྫས་སྐྱེལ་འདྲེན་བྱེད་བཞིན་ཡོད།

ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས་བཞི་ཉིན་བཤད་དོན། ལུའུ་ཀན་སི་ཁི་ས་ཁུལ་གྱི་ས་ཆ་ཉུང་ཤོས་ཤིག་སྔར་བཞིན་ཝུའུ་ཁི་ལན་དམག་དཔུང་གིས་ཚོད་འཛིན་བྱས་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ད་དུང་བཤད་དོན། ཨུ་རུ་སིའི་དམག་དཔུང་གིས་ཏུང་ཉི་ཚིས་ཁི་ས་ཁུལ་དུ་ཝུའུ་ཁི་ལན་དམག་དཔུང་ལ་མེ་སྒྱོགས་འཕེན་པའི་ཤུགས་ཚད་ཇེ་ཆེར་བཏང་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།