ཀྲུང་གོ་བོད་ཀྱི་དྲ་བ།

ཏེན་མག་གི་རྒྱལ་སའི་ཉོ་ཚོང་ལྟེ་གནས་ཤིག་ཏུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་གང་མང་ཤི་རྨས་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏེན་མག་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ཏེན་མག་གི་རྒྱལ་ས་ཀི་པིན་ཧ་ཀིན་ལྷོ་ཕྱོགས་ཀྱི་ཨ་མེད་ཨི་གླིང་ཕྲན་གྱི་ཉོ་ཚོང་ལྟེ་གནས་ཤིག་ཏུ་ཉིན་དེའི་ཕྱི་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་ནས། མི་གང་མང་ཞིག་ཤི་རྨས་བྱུང་། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ཀྱི་མཐའ་འཁོར་དུ་ལོ་ཉེར་གཉིས་ཡིན་པའི་ཏེན་མག་གི་སྐྱེས་པ་ཞིག་འཛིན་བཟུང་བྱས།

ཀི་པིན་ཧི་ཀིན་ཉེན་རྟོག་ཅུའུ་ཡི་ཙུང་ཏུའུ་སི་ལོན་ཐོ་མ་སིན་གྱིས་ཉིན་དེའི་དགོང་མོར་དོན་རྐྱེན་བྱུང་བའི་ཡུལ་དངོས་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་དོན། ཉེན་རྟོག་ཕྱོགས་ལ་ས་དེའི་དུས་ཚོད་བཅུ་བདུན་དང་སྐར་མ་སུམ་ཅུ་ཡས་མས་སུ་ཧྥེ་ཨར་ཚིས་ཉོ་ཚོང་ལྟེ་གནས་སུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བའི་གནས་ཚུལ་འབྱོར་རྗེས། ཉེན་རྟོག་ཕྱོགས་མྱུར་དུ་ཡུལ་དངོས་ལ་སོང་བར་མ་ཟད་ཉོ་ཚོང་ལྟེ་གནས་ཀྱི་ཕྱི་རོལ་དུ་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས།

ཐོ་མ་སིན་གྱིས་བཤད་དོན། མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་བ་མི་གཅིག་གིས་མི་ཚད་པ་དང་མི་གང་མང་རྨས། ཁོ་ཚོས་དོན་དངོས་སུ་ཤི་རྨས་བྱུང་བའི་གྲངས་ཀ་གསལ་བོར་མ་བསྒྲགས།

ཡུལ་དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། སྐྱེས་པ་ཞིག་གིས་ཉོ་ཚོང་ལྟེ་གནས་ཀྱི་ཕྱོགས་མང་པོ་ནས་མི་ཚོགས་ལ་མེ་མདས་བརྒྱབ་ཅིང་། མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྐབས་གཟའ་མཇུག་ཡིན་པས་ཚོང་ཁང་དུ་མི་མང་བ་དང་། མང་ཚོགས་རྣམས་འཇིགས་སྐྲག་སྐྱེས་ཞོར་དུ་ཕྱོགས་བཞིར་བྲོས་བྱོལ་བྱས་ཟེར།

ཏེན་མག་གི་རྒྱལ་མོ་སྐུ་ཕྲེང་གཉིས་པ་མ་ཀི་ལེ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པའི་ཁྱིམ་མི་ལ་འཚམས་འདྲི་ཞུས་པ་དང་ཉེན་རྟོག་དམག་དཔུང་དང་འཕྲོན་བསྟེན་ལས་ཁུངས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། མང་ཚོགས་ཀྱིས་མཐུན་སྒྲིལ་མཛའ་མཐུན་མངོན་པར་བྱས་ནས་དཀའ་ཁག་ཁྱད་སེལ་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།