ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་ལྷོ་ནུབ་རྒྱུད་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས་མི་བཅུ་དགུ་བསད་པ་དང་མི་བཅུ་གཉིས་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་ལྷོ་ནུབ་རྒྱུད་ཀྱི་པིས་ལུའུ་ཀྲི་ཞིང་ཆེན་དུ། ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། འགྲུལ་སྐྱེལ་རླངས་འཁོར་ཞིག་གྲོག་རོང་དུ་ལྷུང་ནས། ཉུང་མཐར་ཡང་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཉིས་ལ་རྨས་སྐྱོན་ཕོག་ཡོད།

སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་རྒྱལ་ས་དབྱི་སི་ལམ་པོ་ནས་པིས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁུའེ་ཏ་རུ་བཏང་བ་དང་། རླངས་འཁོར་ནང་དུ་འགྲུལ་པ་སུམ་ཅུ་ལྷག་ཙམ་བསྡད་ཡོད། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་ཆར་བའི་ཁྲོད་ནས་རླངས་འཁོར་མྱུར་ཚད་ལས་བརྒལ་ཏེ་གྲོག་རོང་ནང་ལྷུང་དུ་བཅུག

དོན་རྐྱེན་བྱུང་རྗེས། ཉེན་རྟོག་པ་དང་རོགས་སྐྱོབ་མི་སྣ་འཕྲལ་མར་དོན་རྐྱེན་བྱུང་སར་ཐོན། རྨས་མ་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ནའང་། མི་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཤི་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།

སྤེལ་བའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི·ཞེ་ལིས་ཧྥུའུ་ཡིས་གསལ་བསྒྲགས་སྤེལ་ནས། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་དང་འཚམས་འདྲི་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་དགོས་པའི་མཛུབ་སྟོན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།