ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱི་ལང་གིས་ཏའོ་ཧྭ་ནས་བསྡུས་པའི་གྲོས་མོལ་ལ་གདེང་འཇོག་བཟང་བོ་བྱེད་ཀྱིན་ཡོད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཞི་ཡང་གིས་བཤད་རྒྱུར། དབྱི་ལིང་གིས་ཁ་ཐར་གྱི་རྒྱལ་ས་ཏའོ་ཧྭ་རུ་བསྡུས་པའི་དབྱི་ལིང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་ལག་བསྟར་བྱེད་པའི་གྲོས་མོལ་ཐད་གདེང་འཇོག་བཟང་བོ་བྱེད་ཀྱིན་ཡོད་ཟེར།

ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་འོག དབྱི་ལང་དང་ཨ་མེ་རུ་ཁ་གཉིས་ཀྱིས་ཏའོ་ཧྭ་རུ་དུས་ཡུན་ཉིན་གཉིས་ཡིན་པའི་གཞན་བརྒྱུད་གྲོས་མོལ་བསྡུས། ཨ་པུའུ་ཏུའུ་ལཱ་ཞི་ཡང་གིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཁ་ཐར་གྱིས་གྲོས་མོལ་བསྡུས་པར་བཀའ་དྲིན་ཞུས་པ་དང་། དབྱི་ལང་གིས་མངོན་སུམ་གྱི་གྲོས་མཐུན་འགོད་རག་བར་དུ་མུ་མཐུད་གྲོས་མོལ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན། དབྱི་ལང་གིས་བརྟན་འཇགས་བདེ་ཐང་དང་ཡུན་རིང་གི་གྲོས་མཐུན་བཟང་བོ་ཞིག་འགོད་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། གལ་ཏེ་ཨ་མེ་རུ་ཁས་འགུལ་སྐྱོད་སྤེལ་ན། གྲོས་མཐུན་འགོད་ཐུབ་པ་ཁོ་ཐག་ཡིན་ཟེར།

མུའུ་ཧྭན་མའོ་ཏི་ཡིས་བཤད་རྒྱུར། དབྱི་ལང་དང་ཡོ་རོབ་གླིང་མནའ་མཐུན། ཨ་མེ་རུ་ཁ་བཅས་ཀྱིས་ཏའོ་ཧྭ་ནས་བསྡུས་པའི་གྲོས་མོལ་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པ་དང་། ཁ་ཐར་གྲོས་མོལ་བསྡུ་མཁན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས། སྟོབས་ཤུགས་ཡོད་རྒུས་ཕྱོགས་སོ་སོས་དབྱི་ལང་གི་གྲོས་མཐུན་ལག་བསྟར་བྱེད་པར་འཇུག་རྒྱུ་བརྩོན་ལེན་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་པ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ཧྲུའུ་ཡི་དྲུང་ཡིག་ཆེན་པོ་གཞོན་པ་མའོ་ལ་ཡིས་ཚེས་ཉེར་དགུ་ཉིན་སྨྱན་བྱད་སྟེང་བཤད་རྒྱུར། ཨ་མེ་རུ་ཁ་དང་དབྱི་ལང་གཉིས་ཀྱིས་ཏའོ་ཧྭ་ནས་དུས་ཡུན་ཉིན་གཉིས་ཀྱི་བྲེལ་མྱུར་གྲོས་མོལ་བསྡུས་ན་ཡང་། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐུན་སྦྱོར་མི་སྣས་རེ་སྒུག་བྱས་པའི་གྲུབ་འབྲས་ལེན་མ་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།