ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་པས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་བྱེད་ཐབས་བཅོས་སྒྱུར་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱི་བསམ་ཚུལ་ཞིབ་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་པ་ཀྲང་ཅུན་གྱིས་ཚེས་ཉེར་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་བྱེད་ཐབས་གནད་དོན་ཐད་ཀྱི་སྤྱི་བསྒྲགས་རྩོད་སྒྲུབ་ཚོགས་འདུའི་སྟེང་གཏམ་བཤད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་བྱེད་ཐབས་བཅོས་སྒྱུར་བྱེད་པ་སོགས་ཀྱི་ཐད་ཀྲུང་གོ་ཕྱོགས་ཀྱི་བསམ་ཚུལ་ཞིབ་བརྗོད་བྱས།

ཀྲང་ཅུན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་བྱེད་ཐབས་སྣ་མང་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་ནི་ཆེས་གལ་ཆེ་བ་དེ་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནམ་ཡང་ཆབ་སྲིད་ལ་སྐུལ་འདེད་བཏང་ནས་ཚ་ཚ་འུར་འུར་གྱི་གནད་དོན་ཐག་གཅོད་དགོས་ལ། ཕྱི་འབྲེལ་ཐད་འགལ་བ་འདུམ་པའི་ཐད་ཤུགས་བསྣན་ནས་ཕན་ཚུན་བར་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་ནས་འགལ་བ་མེད་པར་གཏོང་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་ཕན་ཚུན་ལ་བརྩི་འཇོག་དང་གཞོག་འདེགས་བྱས་ཏེ་ཕན་ཚུན་ལ་གུས་བརྩི་བྱེད་པ་དང་། བསམ་གཟས་ནས་འགལ་རྐྱེན་བཟོ་མི་རུང་ལ། མིའི་བར་འགལ་ཟླ་དང་འགོག་རྐྱེན་བཟོ་མི་རུང་།

ཀྲང་ཅུན་གྱིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་བྱ་བའི་བྱེད་ཐབས་བཅོས་སྒྱུར་བྱེད་པར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། བྱ་བའི་ཕན་ནུས་ཇེ་མཐོར་བཏང་སྟེ་བཟང་ཕྱོགས་སུ་འཕེལ་རྒྱས་བྱུང་། དེ་དང་མཉམ་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་ཁྲོད་སྔར་བཞིན་འབུར་ཐོན་གནད་དོན་ཁ་ཤས་ཡོད་པ་རེད།

ཀྲང་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་གསར་བ་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁ་ཤས་བདེ་འཇགས་འཛིན་ལྷན་ཚོགས་ཀྱི་རྩ་བའི་འགན་དབང་ལས་བརྒལ་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཉེན་ཁ་ཆེ་བའི་གནད་དོན་ཐག་གཅོད་པ་གཙོར་བཟུང་ནས་གང་འདོད་ལྟར་གྲོས་གཞི་གསར་བ་མི་འབྱུང་བར་ཡིད་འཇོག་བྱེད་དགོས། མིག་སྔར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རུ་ཡའི་གནད་དོན་ལ་གྲོས་ཞིབ་ཐེངས་གསུམ་བྱས་པ་དང་དངོས་ཡོད་གནས་ཚུལ་གྱི་དགོས་མཁོ་དང་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཞིབ་བྱེད་པའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་བའི་བསམ་འཆར་བཏོན་པ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།