ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་མི་འགྱངས་བར་འགོ་རྩོམ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་པུའུ་ཏུའུ་ལ་ཞེ་དབྱང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལེ་ལི་གཉིས་ཀྱི་དབྱི་ལང་གི་རྒྱལ་ས་ཏི་ཧེ་ལན་དུ་དབྱི་ལང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱི་གྲོས་མོལ་མི་འགྱངས་བར་སླར་གསོ་བྱ་རྒྱུ་ཁྱབ་བསྒྲགས་བྱས།

ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་ཉིན་དེར་མཚམས་འདྲིར་ཡོང་བའི་པའོ་ལེ་ལི་ལ་ཐུག་འཕྲད་བྱས།   ཨ་པུའུ་ཏུའུ་ལ་ཞེ་དབྱང་གིས་དེའི་རྗེས་སུ་བསྡུས་པའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར།   ཕྱོགས་གཉིས་ཀྱིས་དབྱི་ལང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཡང་བསྐྱར་འགོ་རྩོམ་པའི་ཐད་གྲོས་བསྡུར་ཞིབ་ཏུ་བྱས་ཏེ་གྲོས་མོལ་གནས་བབ་ཇེ་ལེགས་སུ་གཏོང་རྩིས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐེངས་འདིའི་གྲོས་མོལ་ཁྲོད་དངོས་ཡོད་དང་འདྲ་མཉམ་གྱི་བྱེད་ཐབས་སྤྱད་དེ་འགན་ཁུར་བའི་སྒོ་ནས་དོན་དག་བསྒྲུབ་པར་རེ་བ་བྱེད་ཀྱིན་ཡོད་ཟེར།  ཁོས་བསྟན་དོན།  དབྱི་ལས་ལ་མཚོན་ནས་བཤད་ན་ཆེས་གལ་ཆེ་བ་ནི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་མཐུན་ཁྲོད་གཏན་འབེབས་བྱས་པའི་དཔལ་འབྱོར་ཁེ་ཕན་ཡོད་ཚད་ཐོབ་པར་བྱ་རྒྱུ་དེ་ཡིན་ཟེར།

པའོ་ལེ་ལི་ཡིས་བཤད་རྒྱུར།   དབྱི་ལང་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་མི་འགྱངས་པར་འགོ་བརྩམས་ཏེ་གྲོས་མོལ་གྱི་གནས་བབ་ཇེ་ལེགས་སུ་གཏོང་འདོད་ཡོད།   གྲོས་མོལ་ཟླ་གསུམ་ལ་རྗེས་སུ་སྣུར་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་བྱ་བ་བསྒྲུབ་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ་གྲོས་མོལ་མགྱོགས་མྱུར་ངང་འགོ་བརྩམས་ནས་མཇུག་མཐའི་ཐག་གཅོད་ཐུབ་པའི་མེད་པའི་གནད་དོན་ཐག་གཅོད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།