ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལེ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ས་ཡོམ་ཁྲོད་ཀྱི་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་འདོན་སྤྲོད་བྱ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་གཉིས་ཉིན་གསལ་བསྒྲགས་སྤེལ་ཏེ།   ཨ་ཧྥུའུ་ཧན་ཤར་ཕྱོགས་སུ་ས་ཡོམ་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན་པ་དང་།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་འདོན་སྤྲོད་བྱ་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་གསལ་བསྒྲགས་ནང་དུ་ལོ་མང་པོའི་རིང་ལ་དམག་འཁྲུག་དང་དཔལ་འབྱོར་གྱི་དཀའ་ཁག་བྱུང་བ། ལྟོགས་སྐོམ་མྱངས་པའི་ཨ་ཧྥུའུ་ཧན་གྱི་མི་དམངས་ལ་གདུང་སེམས་སྐྱེ་བའི་ཚུལ་བསྟན་པ་དང་།  རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་མཚམས་འདྲི་བྱས་པར་མ་ཟད།   རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར།   མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་དུ་ཡོད་པའི་ལས་ཁུངས་ཀྱིས་འགུལ་སྐྱོད་གང་ལེགས་སྤེལ་ཏེ་ས་ཡོམ་གྱིས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོར་དཔྱད་ཞིབ་བྱེད་པ་དང་ཐོག་མའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།  ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་འདོན་སྤྲོད་བྱ་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན།   ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་དུ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཚད་རིམ་ལྔ་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་བ་དང་།   ས་ཡོམ་གྱི་ལྟེ་བ་ནི་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཧོ་སི་ཐིའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཞི་བཅུའི་མཚམས་ཡིན།    ཀྲུང་གོ་ས་གཤིས་བརྟག་དཔྱད་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན།   ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ནི་དྲུག་དང་གྲངས་ཆུང་གཉིས་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་སུམ་ཅུ་ཡོད།   ཨ་ཧྥུའུ་ཧན་ས་གནས་དཔོན་རིགས་ཀྱིས་བཤད་རྒྱུར།    ས་ཡོམ་དང་དེ་ལས་བྱུང་བའི་རི་ཉིལ་བ་ལས་ཉུང་མཐར་ཡང་མི་སྟོང་གཅིག་རྐྱེན་ལམ་དུ་ཤོར་བ་དང་།  མི་སྟོང་གཅིག་དང་ལྔ་བརྒྱར་རྨས་ཕོག་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།