ཀྲུང་གོ་བོད་ཀྱི་དྲ་བ།

ཏའེ་པེན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་མྱུར་དུ་མེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཞིབ་ཁྲོད་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནད་དོན་གླེང་སྐབས།   ཀྲུང་གོ་ཕྱོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་མེད་པར་གཏོང་བའི་ཐད་ཀྱི་ལངས་ཕྱོགས་བསྐྱར་སྒྲོག་བྱས།

ཏའེ་པེན་གྱིས་བཤད་རྒྱུར།   ཨ་ཧྥེ་རི་ཁ་དབུས་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་གྱིས་ཟླ་དྲུག་པའི་ཚེས་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་གྱི་ཀྲུའུ་ཞིར་སྤྲིངས་པའི་འཕྲིན་ཡིག་ནང་དུ།  མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་བྱས་པ་དེས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ཤུགས་རྐྱེན་ཆེན་པོ་བཟོས་པས།   ཨ་ཧྥེ་རི་མ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱས་ཏེ་མཚོན་ཆ་སྐྱེལ་འདྲེན་བཀག་སྡོམ་མེད་པར་གཏོང་བའི་ཐད་འབད་འཐབ་ལྷོད་མེད་བྱ་ངེས་ཞེས་ནན་གྱིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རེ་འདོད་ལ་ཉན་ནས་མཚོན་ཆ་སྐྱེལ་འདྲེན་ཐད་ཀྱི་བཀག་སྡོམ་སྔ་མོ་ནས་མེད་པར་བཏང་སྟེ་ཨ་ཧྥེ་རི་དབུས་མ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་རྒྱལ་ཁབ་ཀྱི་གཏན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཏའེ་པེན་གྱིས་བཤད་རྒྱུར།    མིག་སྔར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གནས་བབ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད།     ཕྱོགས་སོ་སོས་གྲོས་མོལ་གོ་སྐབས་སུ་བྱས་ཏེ་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་བྱེད་པ་དང་།   ཞི་བདེ་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས།    ཉེ་བའི་དུས་སྐབས་ཤིག་ལ།   ཨ་ཧྥེ་རི་ཁ་དབུས་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་དཀའ་ཁག་ཇེ་སྡུག་ཏུ་སོང་ནས་མ་བཅོས་རྡོ་སྣུམ་དང་ཆུ་གློག་མཁོ་འདོན་ལ་མི་འདང་ས་ཡོད་པ་དང་འབྲུ་རིགས་བདེ་འཇགས་གནད་དོན་མངོན་གསལ་དུ་གྱུར་ཡོད།   རྒྱལ་ཁབ་ཁ་ཤས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་རོགས་སྐྱོར་མྱུར་དུ་སླར་གསོ་བྱས་ནས་མི་ཆོས་མ་དངུལ་འདང་ངེས་ཡོང་བ་དང་མི་ཆོས་གནས་བབ་ཇེ་ལེགས་སུ་གཏོང་བར་འགན་སྲུང་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།