ཝང་ཝུན་པེང་གིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ངེས་པ་དོན་གྱིས་མི་དམངས་ཚང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཟའ་འཁོར་སྔོན་མའི་ནང་ཨ་མེ་རི་ཁ་རུ་ཡང་བསྐྱར་མི་ལ་ཤི་རྨས་བཟོས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་བར་དམིགས་ནས།   ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེང་གིས་ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན་ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁའི་མི་དམངས་ཀྱི་དོ་ཁུར་ལ་ལན་འདེབས་པ་དང་།  ངེས་པ་དོན་གྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱས་ཏེ་ཨ་མེ་རི་ཁའི་མི་དམངས་ཀྱིས་བདེ་འཇགས་ཀྱི་འཚོ་བ་རོལ་ཐུབ་པར་བྱ་དགོས་པའི་འབོད་སྐུལ་བཏང་།

ཝང་ཝུན་པེང་གིས་བསྟན་དོན།   འཛམ་གླིང་སྟེང་གི་མེ་མདའི་དྲག་ཤུགས་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས།  ཨ་མེ་རི་ཁའི་མེ་མདས་དྲག་ཤུགས་ཀྱི་གནོད་འཚེ་ཐེབས་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ལ།  ཆ་སྙོམས་ཉིན་རེར་མི་བརྒྱ་དང་ཉེར་གཉིས་མེ་མདའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བཞིན་ཡོད་པ་དང་།  བྱིས་པ་དང་ན་གཞོན་མེ་མདའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཚད་ཡོང་འབབ་མཐོ་བའི་རྒྱལ་ཁབ་གཞན་པ་སོ་གཅིག་གི་བསྡོམས་འབོར་གྱི་ལྡབ་བཅོ་ལྔ་ཡིན།   ཡིན་ཡང་འདས་པའི་ལོ་ཉེར་ལྔའི་རིང་ལ།  ཨ་མེ་རི་ཁ་སྲིད་གཞུང་གིས་དུས་ཡུན་རིང་བོར་མེ་མདའ་ཚོད་འཛིན་གྱི་ཁྲིམས་དོན་གྲོས་གཞི་ཞིག་འདོན་ཐུབ་མེད་ཟེར།

ཝང་ཝུན་པེང་གིས་བཤད་རྒྱུར།    ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཨ་མེ་རི་ཁའི་མང་ཚོགས་ཀྱི་དོ་ཁུར་ལ་ཕྱིར་ལན་འདེབས་དགོས་པ་དང་།   མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་ཡག་པོ་བྱས་ཏེ་ཨ་མེ་རི་ཁའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཏུ་བདེ་འཇགས་ཀྱི་འཚོ་བ་རོལ་ཐུབ་པར་བྱ་དགོས་པའི་འབོད་སྐུལ་བཏང་བ་ཡིན།    དེ་ནི་མིའི་ཁེ་དབང་ལ་དོ་ཁུར་དང་སྲུང་སྐྱོབ་བྱེད་པའི་སྲིད་གཞུང་ཞིག་གིས་བསྒྲུབ་འོས་པ་ཞིག་ཡིན་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།