ཀྲུང་གོ་བོད་ཀྱི་དྲ་བ།

ཏའེ་པེན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་མཚོན་ཆ་སྐྱེལ་འདྲེན་ཐད་ཀྱི་བཀག་སྡོམ་མྱུར་དུ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པེན་གྱིས་ཚེས་ཉི་ཤུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སུའུ་ཏན་ལྷོ་མའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་མཚོན་ཆ་སྐྱེལ་འདྲེན་ཐད་ཀྱི་བཀག་སྡོམ་མྱུར་དུ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཏའེ་པེན་གྱིས་བཤད་རྒྱུར།   སུའུ་ཏན་ལྷོ་མའི་བར་བརྒལ་དུས་སྐབས་སང་ལོར་མཇུག་སྒྲིལ་བཞིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་ཕྱོགས་ཁག་སོ་སོས་མིག་སྔའི་གནས་བབ་སྲུང་འཛིན་བྱས་ཏེ་བརྟན་འཇགས་ངང་བར་བརྒལ་དུས་སྐབས་ཀྱི་ཆབ་སྲིད་སྒྲོམ་གཞི་དང་བདེ་འཇགས་བཀོད་སྒྲིག   དཔལ་འབྱོར་བཅོས་སྒྱུར་སོགས་རིགས་སོ་སོའི་དམིགས་འབེན་མངོན་འགྱུར་བྱེད་པར་རེ་བ་བྱེད་བཞིན་ཡོད།   སུའུ་ཏན་ལྷོ་མས་སུའུ་ཏན་ལྷོ་མའི་གདོང་གཏུག་ཐག་གཅོད་པའི་བསྐྱར་དར་གྲོས་ཚོགས་དོན་འཁྱོལ་བྱེད་པར་འཕྲད་པའི་དམིགས་བསལ་འགྲན་རྩོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་ངེས་ཀྱི་བཟོད་སེམས་སྲུང་འཛིན་བྱས་ཏེ་དངོས་ཡོད་དཀའ་ཁག་སེལ་བར་རོགས་བྱེད་དགོས་པ་ལས། ཚད་བརྒལ་གནོན་ཤུགས་སྟེར་བ་དང་སྐྱོན་བརྗོད་བཀག་སྡོམ་བྱ་མི་འོས་ཟེར།

ཏའེ་པེན་གྱིས་བཤད་རྒྱུར།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འབོད་སྐུལ་དང་ལེན་བྱས་ཏེ་སུའུ་ཏན་ལྷོ་མའི་མཚོན་ཆ་སྐྱེལ་འདྲེན་ཐད་ཀྱི་བཀག་སྡོམ་མྱུར་མོར་མེད་པར་གཏོང་དགོས།   ཨ་མེ་རི་ཁས་ཡང་དང་བསྐྱར་དུ་རྒྱལ་ཁབ་གཞན་པར་ཕྱོགས་གཅིག་པུའི་བཀག་སྡོམ་ལག་བསྟར་བྱས་ཏེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།    བཀག་སྡོམ་ཆབ་སྲིད་ཀྱི་གནོན་ཤུགས་སྟེར་བའི་ལག་ཆ་རུ་བྱེད་མི་རུང་བ་དང་ཚད་གཞི་ཉིས་འཛིན་བྱ་མི་རུང་།    བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྔར་ལས་མང་པོས་མིག་སྔའི་སུའུ་ཏན་ལྷོ་མའི་བཀག་སྡོམ་རྐྱེན་སྲོལ་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད།    སུའུ་ཏན་ལྷོ་མ་རུ་ཚོ་ཁག་བར་གྱི་འགལ་ཟླ་བྱུང་ནས་ཡུན་རིང་འགོར་ཡོད་པས།   སྔོན་འགོག་དང་འདུམ་འགྲིག   གྲོས་མོལ།  འཕེལ་རྒྱས་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ་ཐག་གཅོད་འོས།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སྙན་ཞུའི་ཁྲོད། ཚོ་ཁག་བར་གྱི་འགལ་ཟླ་དེ་ཐོན་ཁུངས་འཕྲོག་ལེན་ལས་བྱུང་བ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་རོགས་སྐྱོར་བྱས་ཏེ་འགལ་བའི་འབྱུང་རྩ་མེད་པར་གཏོང་དགོས་ཞེས་བསྟན་ཡོད།

ཏའེ་པེན་གྱིས་བཤད་རྒྱུར།    སུའུ་ཏན་ལྷོ་མའི་དཔལ་འབྱོར་བཅོས་སྒྱུར་ཐད་གྲུབ་འབྲས་ངེས་ཅན་ཐོབ་སྟེ་ཆེ་མཐོང་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས་ཡོད།   དེ་དང་མཉམ་དུ །    མི་ཆོས་རིང་ལུགས་ཀྱི་དགོས་མཁོའི་ཐད་ད་རུང་མི་འདང་ས་ཅུང་ཆེན་པོ་ཡོད་པ་དང་།  འབྲུ་རིགས་བདེ་འཇགས་གནད་དོན་ཅུང་འབུར་ཐོན་ཡིན།   ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་རོགས་སྐྱོར་ཤུགས་ཚད་སྲུང་འཛིན་དང་ཆེ་རུ་གཏོང་བ་དང་།   མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མི་ཆོས་དང་འཕེལ་རྒྱས་སྡེ་ཁག་གི་ཞལ་འདེབས་འབུལ་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་ཡིན།   དེ་མིན།    རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་རང་སྟེང་འཕེལ་རྒྱས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པར་རོགས་སྐྱོར་བྱ་དགོས་པ་དང་།   སུའུ་ཏན་ལྷོ་མའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རང་བདག་དབང་ཆར་བརྩི་མཐོང་གང་ལེགས་བྱེད་པ།   ཞིང་ལས་དང་ནུས་ཁུངས།  རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་སྦས་ཤུགས་སྔོན་འདོན་བྱས་ཏེ་སུའུ་ཏན་ལྷ་མོའི་མི་དམངས་ཀྱིས་སྔ་མོ་ནས་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།