ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཨ་མེ་རུ་ཁས་དབྱི་ལང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་ལག་བསྟར་སླར་གསོ་བྱེད་རྒྱུའི་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉི་ཤུ་ཉིན། ཨ་མེ་རུ་ཁས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ཀྱི་ཁྱོན་ཡོངས་གྲོས་མཐུན་གྲོས་མོལ་ལག་བསྟར་སླར་གསོ་བྱེད་རྒྱུའི་སྐུལ་འདེད་བཏང་བ་མ་ཟད། དབྱི་ལང་གིས་སྤུས་ལེགས་དང་རྒྱུན་རིང་། ཕན་ལྡན་གྱི་གྲོས་མཐུན་འགོད་རྒྱུའི་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།

ཧྭ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། དབྱི་ལང་གིས་སྔར་བཞིན་ཕྱི་འབྲེལ་རྣམ་པ་བརྒྱུད་དེ་དབྱི་ལང་ཉིང་རྡུལ་གྲོས་མཐུན་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཨ་མེ་རུ་ཁས་ལག་བསྟར་བྱས་པའི་ཚད་གཞི་གཉིས་འཛིན་གྱི་སྲིད་ཇུས་ཧ་ཅང་མངོན་སུམ་ཡིན་ལ། ཨ་མེ་རུ་ཁས་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལང་ཕུའུ་དུས་སྐབས་ཀྱི་ནོར་འཁྲུལ་སྲིད་ཇུས་བཅོས་བསྒྱུར་བྱེད་རྒྱུའི་ཚུལ་བསྟན་ན་ཡང་། ཨ་མེ་རུ་ཁའི་ད་ལྟའི་སྲིད་གཞུང་གིས་བྱ་སྤྱོད་ལ་བལྟས་ན་ད་དུང་མུ་མཐུད་དུ་ཐི་ལང་ཕུའུ་དུས་སྐབས་ཀྱི་དབྱི་ལང་ལ་ཁ་གཏད་པའི་ནོར་འཁྲུལ་སྲིད་ཇུས་གཞིར་འཛིན་བྱས་ཡོད།

ཧྭ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལང་གི་ཁྱོན་ཡོངས་ཀྱི་གྲོས་མཐུན་གྱི་ད་ལྟའི་གནས་བབ་ནི་ཨ་མེ་རུ་ཁ་གྲོས་མཐུན་དེ་ལས་ཕྱིར་བུད་པ་མ་ཟད་དབྱི་ལང་ལ་ཚད་ཆེས་ཆེ་བའི་གནོན་ཤུགས་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པ་ལས་བྱུང་ཡིན་པས། གལ་ཏེ་མེ་རུ་ཁས་དབྱི་ལང་གྲོས་མཐུན་འོག་གི་དམ་བཅའ་ལག་བསྟར་བྱས་པ་མ་ཟད་དབྱི་ལང་གི་བཀག་སྡོམ་མེད་པར་བཟོས་ན། གྲོས་མཐུན་བཀོད་ཐུབ་པ་ཁོ་ཐག་ཡིན་ཟེར།

2015ལོའི་ཟླ་བདུན་པར། དབྱི་ལང་དང་ཨ་མེ་རུ་ཁ། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་ཀྱི་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། དབྱི་ལང་གིས་ཁོ་ཚོའི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་རྒྱུ་ཁས་བླངས་པ་དང་་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་གི་བཀག་སྡོམ་མེད་པར་བྱེད་རྒྱུ་ཡིན་ལ། 2018ལོའི་ཟླ་ལྔ་བར། ཨ་མེ་རུ་ཁ་ཕྱོགས་གཅིག་ཐད་ནས་གྲོས་མཐུན་ལས་ཕྱིར་བུད་པ་དང་། དེའི་རྗེས་དབྱི་ལང་ལ་བཀག་སྡོམ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ཡང་བསྐྱར་ལག་བསྟར་དང་གསར་སྣོན་བྱས། 2019ལོའི་ཟླ་ལྔ་བའི་ཚུན་དུ། དབྱི་ལང་གིས་རིམ་པ་བཞིན་གྲོས་མཐུན་གྱི་དོན་ཚན་སྐོར་ཞིག་ལག་བསྟར་བྱེད་མཚམས་བཞག་ན་ཡང་། ཡང་བསྐྱར་སླར་གསོ་བྱེད་ཆོག་པའི་དམ་བཅས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།