ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཅུན་གྱིས་རྒྱལ་ཁབ་སོ་སོས་མཉམ་ལས་བྱས་ཏེ་འཁོན་འཛིན་གཏམ་བརྗོད་ལ་རྡུང་རྡེག་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མའི་ཀྲང་ཅུན་གྱིས་ཚེས་ཉི་ཤུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་འཁོན་འཛིན་གཏམ་བརྗོད་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཉིན་མོའི་དངོས་གཞི་མིན་པའི་མཐོ་རིམ་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོས་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་གྲོས་མོལ་སྤེལ་དགོས་པ་དང་།    འཁོན་འཛིན་གཏམ་བརྗོད་ལ་མཉམ་དུ་རྡུང་རྡེག་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀྲང་ཅུན་གྱིས་བཤད་རྒྱུར།   ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མཐོ་རིམ་གྲོས་མོལ་སྤེལ་ཏེ་འཁོན་འཛིན་གཏམ་བརྗོད་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཉིན་མོ་ཐོག་མར་རྗེས་དྲན་ཞུས་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།   མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ།   ལོ་རེའི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནི་འཁོན་འཛིན་གཏམ་བརྗོད་ལ་རྡུང་རྡེག་གཏོང་བའི་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་དང་།   ཀྲུང་གོ་ནི་གྲོས་ཆོད་དེ་མཉམ་འདོན་བྱེད་མཁན་གྱི་རྒྱལ་ཁབ་ཡིན།

ཀྲང་ཅུན་གྱིས་བསྟན་དོན།   འཁོན་འཛིན་གཏམ་བརྗོད་ལ་ཁ་གཏད་འཇལ་བ་དང་མེད་པར་གཏོང་དགོས་ན།   རྒྱལ་ཁབ་སོ་སོས་ཕན་ཚུན་བརྩི་མཐོང་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་གྲོས་མོལ་སྤེལ་དགོས།   རྒྱལ་ཁབ་ཁ་ཤས་ཀྱིས་བསླབ་བྱ་བསྡུ་ལེན་དང་བསམ་གཞིགས་ནན་ཏན་གཏོང་བ།    ང་རྒྱལ་དང་ཕྱོགས་རེས་བསྐྱུར་ནས་རྒྱལ་ཁབ་གཞན་པའི་དོ་ཁུར་ལ་བརྩི་འཇོག་བྱེད་དགོས་པ་དང་།  གཏམ་བརྗོད་རང་དབང་ལ་བརྟེན་ནས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱ་མི་རུང་།   སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱེད་པ་དང་།  ཤེས་རིག་མི་འདྲ་བའི་བར་གྱི་ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་པ་སོགས་བྱས་ཏེ་འཁོན་འཛིན་གཏམ་བརྗོད་ཀྱི་འབྱུང་རྩ་མེད་པར་གཏོང་དགོས།   རྒྱལ་ཁབ་སོ་སོས་སློབ་གསོའི་འཁོན་འཛིན་གཏམ་བརྗོད་མེད་པར་གཏོང་བའི་ཐད་ཀྱི་རྨང་གཞི་རང་བཞིན་གྱི་བྱེད་ནུས་ལ་མཐོང་ཆེན་བྱེད་པ་དང་།   གཞོན་རབས་པ་རྣམས་ཀྱི་རིག་གནས་མི་འདྲ་བའི་ཐད་ཀྱི་ངོས་འཛིན་དང་བརྩི་འཇོག་གསོ་སྐྱོང་བྱེད་པ།   མང་ཚོགས་ཀྱི་ཆ་འཕྲིན་བརྡར་གཅོད་བྱེད་ནུས་ཇེ་མཐོར་གཏོང་བ་བཅས་བྱ་དགོས།   ཆབ་སྲིད་གཙོ་འཛིན་དང་གསར་འགྱུར་སྨྱན་བྱད་ཀྱིས་དམིགས་བསལ་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ་འཁོན་འཛིན་གཏམ་བརྗོད་ཀྱི་འབྱུང་རྩ་དང་བརྒྱུད་སྤྲོད་བཀག་འགོག་བྱ་དགོས་པ་དང་།    བཟོད་སྒོམ་ཀྱི་ཞི་བའི་རིག་གནས་དར་སྤེལ་གཏོང་དགོས།

ཀྲང་ཅུན་གྱིས་བཤད་རྒྱུར།     འཁོན་འཛིན་གཏམ་བརྗོད་ཀྱིས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཐད་གནོད་སྐྱོན་ཐེབས་བཞིན་ཡོད་པ་དང་སྤྱི་ཚོགས་གཏན་འཇགས་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པར་མ་ཟད།   དྲག་ཤུགས་འཁྲུག་རྩོད་སློང་བ་དང་ཞི་བདེ་དང་བདེ་འཇགས་ལ་གཏོར་བརླག་ཐེབས་བཞིན་ཡོད་པ་དང་།     རྒྱུན་མཐུན་འཕེལ་རྒྱས་མངོན་འགྱུར་བྱེད་པར་བཀག་འགོག་བྱེད་པ།  དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་ཀྱིས་གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ནུས་པར་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད།  དེ་བས།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཟོད་སྒོམ་གཏན་ནས་བྱ་མི་རུང་ཟེར།

བསྙོན་འཛུགས་ཅན་གྱི་གཏམ་བརྗོད་ཀྱིས་རིམས་འགོག་འཕེལ་རིམ་ལ་ཐེབས་པའི་ཤུགས་རྐྱེན་གླེང་སྐབས།  ཀྲང་ཅུན་གྱིས་བཤད་རྒྱུར།   པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ།   བསྙོན་འཛུགས་ཅན་གྱི་གཏམ་བརྗོད་དང་ཆ་འཕྲིན་རྫུན་མས་རྒྱལ་སྤྱིའི་མཐུན་སྒྲིལ་དང་རིམས་འགོག་མཉམ་ལས་ལ་བར་ཆད་བཟོས་ཡོད་པ་དང་གཏོར་བརླག་ཐེབས་ཡོད་ཟེར།

ཀྲང་ཅུན་གྱིས་བཤད་རྒྱུར།    འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་ལག་རྡང་སྦྲེལ་ཏེ་མཉམ་དུ་ཁ་གཏད་འཇལ་རྒྱུ་བྱེད་ཐབས་ཆེས་བཟང་ཤོས་ཡིན།  ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་།  མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་སྔར་ལས་མཛེས་པའི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱ་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།