ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་གནོད་པ་སེལ་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནི་གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་བྱ་སྤྱོད་གཙང་སེལ་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུག་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉིན་དེར་ཤིས་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧུར་ཐག་སྒོས་གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་གནོད་པ་གཙང་སེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱས་པའི་ཉེས་ཅན་གྱིས་རང་གིས་བཟོས་པའི་ནག་ཉེས་ཀྱི་མཇུག་འབྲས་ལ་འགན་ཁུར་བ་ཧ་ཅང་ཉུང་བ་དང་། དེ་ལས་ལྡོག་སྟེ་དེའི་གནོད་པ་ཐེབས་མཁན་ལ་ངོ་ཚ་དང་སེམས་ངལ་ཚབས་ཆེན་བཟོས་ཡོད། གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་གནོད་པ་སེལ་བའི་ཉིན་མོ་ཐོན་པའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོད་པ་དེའི་རིགས་ཀྱི་ཁྲོད་སྲོག་ཉེན་ལས་ཐར་མཁན་དང་མཉམ་འབྲེལ་བྱས་པར་མ་ཟད། སྟོབས་ཤུགས་ཞན་པའི་མི་ཚོགས་ཀྱིས་མི་ཆོས་རིང་ལུགས་ཉམས་ཉེན་ཁྲོད་དུ་ལ་རྒྱ་དང་ཞི་བདེ་བརྩོན་ལེན་བྱེད་ཆེད་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅས་པ་ཡིན་ཟེར།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། སྔར་ལས་བརྟན་པའི་ཆབ་སྲིད་ཀྱི་ཆོད་སེམས་དང་སྔར་ལས་ཕུན་སུམ་ཚོགས་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ང་ཚོས་ཁས་བླངས་པའི་སྐད་ཆ་ཅིས་ཀྱང་ལག་བསྟར་བྱེད་པ་དང་། སྤོབས་པ་ཆེར་བསྐྱེད་སྒོས་གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་གནོད་པ་གཙང་སེལ་བྱེད་དགོས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནི་གདོང་གཏུག་ཁྲོད་དུ་བུད་མེད་ལ་བཙན་ཤུགས་ཀྱིས་བརྙས་བཅོས་བྱེད་པའི་བྱ་སྤྱོད་གཙང་སེལ་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཡིན་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།