ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཕྱི་འབྲེལ་དཔོན་པོས་གལ་ཏེ་ཨ་མེ་རི་ཁས་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་བྱེད་ཐབས་སྤྱད་ཚེ་དབྱི་ལང་གིས་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཞེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ཐཱ་སི་ཉི་མུའུ་གསར་འགྱུར་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན།    དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉེ་སྔོན་བསྟན་དོན།  གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལང་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་བྱེད་ཐབས་སྤྱད་ཚེ།  དབྱི་ལང་གིས་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།

བསྒྲགས་པ་ལྟར་ན།  ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་བཅོ་བརྒྱད་ཉིན།   ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལེ་ལི་དང་ཁ་པར་གྲོས་མོལ་བྱེད་སྐབས་བཤད་རྒྱུར།   དབྱི་ལང་གིས་གཏན་ཚིགས་དང་མཐུན་ཞིང་མཇུག་འབྲས་ལ་བརྩི་མཐོང་བྱེད་པའི་གྲོས་མོལ་ལ་དགའ་བསུ་ཞུ་བ་ཡིན།  གལ་ཏེ་ཨ་མེ་རི་ཁས་ཚད་གཞི་ཉིས་འཛིན་བྱེད་པ་དང་ཕན་ཚུན་འགལ་ཟླ་ཡིན་པའི་བྱེད་ཐབས་སྤྱོད་མཚམས་བཞག་ཚེ།   ཅུང་བཟང་ཞིང་རྒྱུན་མཐུད་ཐུབ་པའི་གྲོས་མཐུན་འགོད་ཐུབ་ངེས་ཟེར།  ཁོས་བཤད་རྒྱུར།    ཕྱི་འབྲེལ་གྱི་བྱེད་ཐབས་ནི་གནད་དོན་ཐག་གཅོད་པའི་བྱེད་ཐབས་ཆེས་བཟང་ཤོས་ཡིན་ཟེར།

པའོ་ལེ་ལི་ཡིས་བསྟན་དོན།   མིག་སྔར་གྱི་གནས་བབ་ལས་ཐར་བར་བྱེད་པའི་བྱེད་ཐབས་ཉག་གཅིག་ནི་ཕྱི་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་འཛུགས་སྐྲུན་རང་བཞིན་མ་ཡིན་པའི་འགུལ་སྐྱོད་ལས་གཡོལ་ཐབས་བྱ་རྒྱུ་དེ་ཡིན་ལ།    ཁོས་དགོས་ངེས་ཀྱི་འབད་བརྩོན་བརྒྱུད་དེ་གྲོས་མཐུན་འགོད་པར་ཆ་རྐྱེན་ཡག་པོ་བསྐྲུན་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཟླ་འདིའི་ཚེས་བརྒྱད་ཉིན་ཨ་མེ་རི་ཁ་སོགས་ཀྱིས་མ་ཟིན་བྲིས་པའི་གྲོས་ཆོད་འཆར་ཟིན་ཞིག་ལ་གྲོས་འཆམ་བྱུང་བ་དང་།   དབྱི་ལང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་ཚད་མི་འདང་བར་སྐྱོན་འཛུགས་བྱས།   དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར།   གྲོས་ཆོད་དེ་ནི་ནོར་འཁྲུལ་ཅན་དང་ཆབ་སྲིད་རང་བཞིན་ལྡན་ཞིང་འཛུགས་སྐྲུན་རང་བཞིན་མི་ལྡན་པའི་གྲོས་ཆོད་ཅིག་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།