ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གིས་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གིས་འབྲེལ་ཡོད་ཀྱི་ས་ཁོངས་སུ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དུ་ཞུགས་མཁན་ལ་ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གི་དམག་མི་ཁྲི་གཅིག་ཙམ་དང་གྲུ་གཟིངས་དང་མཁོ་སྒྲུབ་གྲུ་གཟིངས་དྲུག་ཅུ་ལྷག གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ཞེ་ལྔ་ཙམ་སོགས་ཡོད། དམག་དོན་སྦྱོང་བརྡར་བྱེད་སྐབས་མཚོ་ངོས་ཀྱི་གྲུ་གཟིངས་དང་མཁོ་སྒྲུབ་གྲུ་གཟིངས་ཀྱིས་པའོ་ལོ་ཏི་མཚོ་ཁོངས་ནས་ལད་བཟོའི་དགྲ་བོའི་དམག་གྲུ་སྔོག་བཤེར་བྱས་ཏེ། མཁའ་སྲུང་དང་གྲུ་གཟིངས་ལ་རྒོལ་བ། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བ་སོགས་ཀྱི་དངོས་འཐབ་སྦྱོང་བརྡར་ཡོངས་འགྲུབ་བྱེད་རྒྱུ་རེད། གཞན་ཡང་སྐམ་སའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་ཅཱ་ལི་ཉིང་ཀི་ལེ་མངའ་སྡེའི་སྦྱོང་བརྡར་ར་བའི་ངེས་གཏན་ས་ཁོངས་ཀྱི་བཀོད་སྒྲིག་ཡོངས་འགྲུབ་བྱས་པ་དང་། ཐན་ཁི་འཁོར་ལོ་དང་རྐང་དམག་གི་འཐབ་འཁོར། མེ་སྒྱོགས། སྦུག་མང་མེ་ཤུགས་འཕུར་མདའ་སོགས་བེད་སྤྱད་དེ་ལད་བཟོའི་དགྲ་བོའི་དམིགས་འབེན་ལ་མདེལ་དངོས་མ་གཏོང་འཕེན་བྱེད་རྒྱུ་རེད། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་བཅུ་དགུའི་ཉིན་བར་སྤེལ་རྒྱུ་རེད། 

ཨུ་རུ་སིའི་པའོ་ལོ་ཏི་མཚོ་ཁོངས་ཀྱི་གྲུ་གཟིངས་རུ་ཁག་གི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་བྱང་ཆིངས་རྩ་འཛུགས་ཀྱིས་མཚོ་ཁོངས་དེར་ལོ་རེའི་དམག་དོན་སྦྱོང་བརྡར་བྱེད་པའི་གནས་ཚུལ་འོག་སྤེལ་བ་རེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།