ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་དབྱི་སི་རལ་གྱིས་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཡང་བསྐྱར་སི་རི་ཡཱ་ལ་འཇབ་རྒོལ་བྱས་ཏེ། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར། སི་རི་ཡཱའི་ཕྱོགས་ཀྱིས་གནམ་གྲུ་ཐང་དེའི་གནམ་གྲུ་གཏོང་ཐེངས་ཚང་མ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་སི་རལ་གྱིས་སི་རི་ཡཱའི་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་ལ་དཀྲུག་འཕེན་རང་བཞིན་གྱི་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། འགན་མི་ཁུར་བའི་བྱ་སྤྱོད་དེ་རིགས་ལས་རྒྱལ་སྤྱིའི་མཁའ་འགྲུལ་ལས་དོན་ལ་ཉེན་ཁ་ཆེན་པོ་བཟོས་ཏེ། ཉེས་མེད་མང་ཚོགས་ཀྱི་ཚེ་སྲོག་དེ་ཉེན་ཁའི་གནས་སུ་སྐྱེལ་སྲིད་པས། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་སི་རལ་གྱིས་བྱ་སྤྱོད་དེ་རིགས་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཟེར། 

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་ཏཱ་མཱ་ཧྲི་ཀིའི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་སྣར་རྨས་ཕོག་པ་དང་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར། ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གང་ཡིན་ཡང་སི་རི་ཡཱའི་མངའ་ཁོངས་སུ་དབྱི་ལིང་གི་དམག་དཔུང་བཅའ་སྡོད་བྱས་ཡོད་པ་ཁས་ལེན་བྱེད་ཀྱིན་མེད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།