ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཡོངས་ཁྱབ་འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས་བཅུ་ཉིན་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་ནས་སྤེལ་བ་དང་། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་ཡོངས་ཁྱབ་འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨེ་མེ་ནི་ཡཱའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་གནད་དོན་དང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཉམས་ཉེན་ཐག་གཅོད་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས། གྲོས་ཚོགས་གྲོལ་རྗེས་ཕྱི་འབྲེལ་བློན་ཆེན་དག་གིས་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་། བདེ་འཇགས་བཅས་ཀྱི་སྲིད་ཇུས་གྲོས་མོལ་འཆར་གཞི་དང་། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་སྐོར་གྱི་གསལ་སྒྲོག་སོགས་ཡིག་ཆ་བཀོད། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀྲ་སི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་རྒྱལ་སྤྱིའི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་བར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན། གསལ་སྒྲོག་ལས་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་ཁབ་སོ་སོས་འདྲ་མཉམ་དང་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ལྟ་བ་དང་། རྒྱལ་ཁབ་གཅིག་གི་བདེ་འཇགས་ཆེད་རྒྱལ་ཁབ་གཞན་པའི་བདེ་འཇགས་རིན་དོད་དུ་འཇོག་མི་རུང་བའི་ཐུན་མོང་ལངས་ཕྱོགས་བརྩི་སྲུང་བྱེད་དགོས་པར་འདོད། གྲོས་ཚོགས་ལ་ཞུགས་པའི་ཕྱི་འབྲེལ་བློན་ཆེན་དག་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྣེ་ཁྲིད་ནུས་པར་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱས། 

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨེ་མེ་ནི་ཡཱ་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཨུ་རུ་སི། ཐཱ་ཅི་ཁི་སི་ཐན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཡོད།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།